རྒྱ་གར་གྲོང་ཁྱེར་སྦེང་ལོར་དུ་དམག་དོན་ཡོ་ཆས་འགྲེམས་སྟོན།
2009.02.11
༄༅༎རྒྱ་གར་གཞུང་གིས་གྲོང་ཁྱེར་སྦེང་ལོར་ནང་རྒྱལ་ཁབ་ཉི་ཤུ་རྩ་ལྔ་ཡིས་གནམ་དམག་གནམ་གྲུ་དང་དྲག་པོའི་འཕྲུལ་ཆས་ཐོན་གསར་སོགས་ཀྱི་གཟིགས་འབུལ་ཆེན་པོ་ཞིག་གོ་སྒྲིག་གནང་ཡོད་པ་དང་རྒྱལ་ཁབ་དེ་དག་གིས་རང་རང་གི་དམག་དོན་ཡོ་ཆས་རྣམས་འགྲེམས་སྟོན་གནང་སྟེ་མ་གནས་ཨ་སྒོར་ས་ཡ་མང་པོའི་གོ་མཚོན་རྒྱ་གར་གཞུང་ལ་ཚོང་ཐབས་གནང་བཞིན་ཡིན་འདུག
དེ་ཡང་ཉིན་ལྔའི་གཟིགས་འབུལ་དེ་ནི་ལྷོ་ཨེ་ཤེ་ཡའི་ནང་འགྲེམས་སྟོན་ཆེན་པོ་དེ་འདྲ་གོ་སྒྲིག་ཞུས་པ་ཐོག་པ་དེ་ཡིན་པ་དང་རྒྱལ་ཁབ་སོ་སོའི་བཟོ་ལས་གཟིགས་འབུལ་དེའི་ཐོག་རྒྱ་ནག་ནས་ཀྱང་མཉམ་ཞུགས་གནང་བཞག
འོན་ཀྱང་རྒྱ་གར་གཞུང་གིས་ཁྱིམ་མཚེས་པ་ཀི་སི་ཐན་ལ་མགྲོན་འབོད་ཞུས་མེད་པ་དང་དེ་ནི་ཉེ་སྔོན་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་སྐུལ་དྲག་སྤྱོད་པའི་དོན་རྐྱེན་བྱུང་བའི་རྗེས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་དོ་ཕོག་བྱུང་བའི་རྐྱེན་གྱིས་ཡིན་པ་རེད། གནམ་དམག་གནམ་གྲུའི་འགྲེམ་སྟོན་ལ་ཐུགས་ཞིབ་གནང་བའི་རྗེས་རྒྱ་གར་གཞུང་གིས་མ་གནས་ཨ་སྒོར་ཐེར་འབུམ་སུམ་ཅུ་ཐམ་པའི་ཡོ་ཆས་ལོ་གསུམ་ནས་བཞིའི་ནང་ཚུད་ཉོ་སྒྲུབ་གནང་རྒྱུ་ཡིན་འདུག རྒྱལ་སྤྱིའི་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་དེར་ཡང་རྒྱ་གར་གཞུང་གིས་དམག་དོན་དངུལ་རྩིས་གཅོག་ཆ་གནང་མེད་པ་རེད། གྲོང་ཁྱེར་སྦེང་ལོར་ནང་ཚུགས་བཞིན་པའི་གཟིགས་འབུལ་ལམ་འགྲེམས་སྟོན་དེ་བརྒྱུད་རྒྱ་གར་གཞུང་ལ་གནམ་དམག་གནམ་གྲུ་དང་དམག་པོའི་ཐོན་གསར་ཡོ་ཆས་ཚོང་ཐབས་གནང་མཁན་རྒྱལ་ཁབ་གཙོ་བོའི་ཁོངས་སུ་ཨ་རི་དང་ར་ཤི་ཡ།འཇར་མ་ནི།ཕེ་རན་སི་སོགས་ཡོད་འདུག།