རྒྱ་གར་གྱི་སྲིད་འཛིན་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ།
2010.05.20
༄༅༎རྒྱ་གར་གྱི་སྲིད་འཛིན་ལྕམ་པར་ཏི་པཱ་པ་ཀྲིལ་མཆོག་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་ནས་བཟུང་ཉིན་ལྔའི་རིང་རྒྱ་ནག་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། དུས་ཡུན་དེའི་རིང་གཙོ་བོ་རྒྱ་ནག་གི་གྲོང་ཁྱེར་ལའོ་ཡང་ནང་། རྒྱ་གར་གཞུང་གི་འགྲོ་གྲོན་འོག་གསར་བཞེངས་ཞུས་པའི་རྒྱ་གར་གྱི་བཀོད་དབྱིབས་ཅན་གྱི་ནང་པའི་དགོན་པ་ཞིག་དབུ་འབྱེད་གནང་རྒྱུ་ཡིན་འདུག
དགོན་པ་དེ་བཞིན་རྒྱ་གར་དང་རྒྱ་ནག་ཡུལ་གཉིས་དབར་འབྲེལ་ལམ་བྱུང་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་དུས་ཚིག་དང་སྟབས་བསྟུན་ནས་བཞེངས་པ་ཞིག་ཡིན་པ་དང་། དགོན་པ་དེ་བཞིན་བཞེངས་རྒྱུར་འགྲོ་གྲོན་ཨ་རིའི་དྲོ་ལར་ས་ཡ་བཞི་ཙམ་བཏང་ཡོད་འདུག
ཡང་ད་རེས་སྲིད་འཛིན་ཁུལ་དེར་ཕེབས་པའི་སྐབས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་ནས་ཡུལ་གཉིས་ཀྱི་འབྲེལ་བའི་གནད་དོན་དང་། དེ་བཞིན་རྒྱལ་སྤྱིའི་ཐུན་མོང་གི་གནད་དོན་ཁག་ཅིག་ཐོག་ལའང་གྲོས་བསྡུར་གནང་འཆར་ཡོད་འདུག
དེ་དང་ཕྱོགས་མཚུངས་རྒྱལ་ས་པེ་ཅིང་དང་། ཧྲང་ཧའེ་ནང་ཕེབས་རྒྱུ་མ་ཟད་རྒྱ་ནག་གི་སྲིད་བློན་གྱི་གཙོས་པས་འབྲེལ་ཡོད་ཆེ་མཐོའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག