ནང་སོག་ཏུ་བྱུང་བའི་ངོ་རྒོལ་ལས་འགུལ་་གྱི་ངོ་བོ།
2011.06.03
༄༅༎ནང་སོག་ཏུ་ཉིན་ཤས་གོང་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ གཙོ་བོ་གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་ལུགས་ ཨ་རིའི་གསར་འགྱུར་བརྒྱུད་ལམ་སི་ཨེན་ཨེན་(CNN)གྱི་གསར་འགོད་པ་ཇེ་མི་ཕོལོར་ཀུ་རུཛ་(Jaime FlorCruz)ཡིས་པེ་ཅིན་ནས་དེ་རིང་གནས་ཚུལ་སྤེལ་བའི་ནང་འཁོད་འདུག
གནས་ཚུལ་དེའི་ནང་འཁོད་པར་གཞིགས་ན་ ད་རེས་ནང་སོག་དུ་འབྲོག་པ་དང་སློབ་ཕྲུག་སྟོང་ཕྲག་ཁ་ཤས་ཀྱིས་ནང་སོག་མི་མང་གི་ཐོབ་ཐང་ རྩྭ་ཐང་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་པའི་རྒྱུ་རྐྱེན་དེ་འབྲོག་པ་མོར་གན་ རྒྱ་མི་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་མོ་ཊས་བརྫིས་ནས་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་ནས་བྱུང་བ་ཞིག་ཡིན་ཡང་ གཞི་རྩའི་རྒྱ་ནག་གཞུང་གིས་ནང་སོག་ལ་དབང་བསྒྱུར་བྱས་ནས་ས་གནས་དེའི་ནང་རྒྱ་རིགས་འཕོན་ཆེ་གནས་སྤོས་བྱས་ཏེ་ ད་ཆ་ནང་སོག་གི་མི་འབོར་ས་ཡ་༢༤ལྷག་ཡོད་པ་ནས་ བརྒྱ་ཆ་༧༩ལྷག་རྒྱ་མི་རིགས་ཡིན་པ་དང་ སོག་པོ་མི་རིགས་བརྒྱ་ཆ་ཉི་ཤུ་ལྷག་ལས་ཟིན་གྱི་མེད་པ་མ་ཟད་ནང་སོག་དེ་བཞིན་གཏེར་ཁའི་རིགས་ལ་ཕྱུག་པའི་ས་གནས་ཤིག་ཡིན་ཞིང་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་རྒྱ་མི་གཏེར་ཁ་བསྔོག་འདོན་བྱེད་མཁན་ཚོས་ནང་སོག་ནས་རྡོ་སོལ་སོགས་ཀྱི་གཏེར་ཁ་འཕོན་ཆེ་བསྔོག་འདོན་བྱས་ནས་ས་གནས་ཀྱི་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་བཟོས་ཏེ་རྩྭ་ཐང་ཀྱི་རྒྱ་ཁྱོན་མང་པོ་ཞིག་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་མ་ཟད་འབྲོག་པ་ཚོའི་འཚོ་ཐབས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་པར་བརྟེན་ནས་དུས་ཡུན་རིང་པོའི་བཙན་གནོན་གྱི་འོག་བཟོད་སྒོམ་མ་ཐུབ་པར་ད་རེས་ཀྱི་ངོ་རྒོལ་དེ་བྱུང་བ་ཞིག་ཡིན་པའི་སྐོར་འགྲོ་བ་མའི་ཐོབ་ཐང་དོན་གཉེར་བ་ཚོས་གསུང་གི་ཡོད་པ་དང་ ལྷག་པར་དུ་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་ཕྱིན་ཡོད་ན་ཡང་ སོག་པོའི་མི་མང་གི་གནས་སྟངས་ཐོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱིས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡང་བྱུང་མེད་པའི་ཁར་ ནང་སོག་ནང་རྒྱ་རིགས་ཀྱི་མི་འབོར་ཧ་ཅང་འཕོན་ཆེ་ཡོད་པ་དེས་ནང་སོག་གི་རིག་གཞུང་དང་སྐད་ཡིག་ སྲོལ་རྒྱུན་གོམས་གཤིས་སོགས་ཤུལ་མེད་དུ་འགྱུར་རྒྱུའི་ཉེན་ཚབས་ཆེན་པོ་བཟོས་བཞིན་པའི་སྐོར་གནས་ཚུལ་དེའི་ནང་འཁོད་འདུག