ནང་སོག་ཏུ་སློབ་ཕྲུག་གིས་གཞུང་ལ་ངོ་རྒོལ་ལས་འགུལ།
2011.05.27
༄༅༎དེ་རིང་གཟའ་པ་སངས་ཉིན་ནང་སོག་ནང་སོག་པོའི་སློབ་འབྲིང་དང་སློབ་གྲ་ཆེ་བའི་སློབ་ཕྲུག་གིས་གཙོ་བོ་བྱས་པའི་སོག་པོ་མང་ཚོགས་ཀྱིས་གཞུང་གི་ལས་ཁང་མདུན་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་རྟེན་གཞི་བྱས་པའི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་་ལྟེ་གནས་ཁང་གིས་འགྲེལ་བརྗོད་བྱས་འདུག ངོ་རྒོལ་གྱི་ལས་འགུལ་དེ་བཞིན་གྲོང་ཁྱེར་ཤི་ལིན་གོལ་ནང་གཟའ་ཟླ་བ་ནས་སྒོ་བཙུགས་ཏེ་ གཟའ་འཁོར་གཅིག་ཙམ་འགྲོ་གི་ཡོད་ཅིང་ ངོ་རྒོལ་བྱེད་དགོས་ཡས་ཀྱི་རྐྱེན་རྩ་དེ་བཞིན་ ཁུལ་དེའི་ནང་རྡོ་སོལ་བསྔོག་འདོན་བྱེད་མཁན་གྱིས་རྡོ་སོལ་དབོར་འདྲེན་སྐབས་་མོ་ཊ་གང་བྱུང་རྩྭ་ཐང་ཐོག་བཏང་ནས་རྩྭ་ཐང་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་པར་བརྟེན་ནས་ཕྱི་ཟླ་༥་པའི་ཚེས་༡༠་ཉིན་སོག་པོའི་འབྲོག་པ་མོ་ར་གན་གྱིས་འབྲོག་པ་མི་གྲངས་སུམ་ཅུ་ཙམ་སྒྲིག་འཛུགས་ཀྱིས་ རྡོ་སྲོལ་བསྔོག་འདོན་བྱེད་སར་འགོག་ཐབས་སུ་བསྐྱོད་པའི་སྐབས་ རྒྱ་མི་རྡོ་སོལ་དབོར་འདྲེན་བྱེད་མཁན་དང་ཁ་རྩོད་ཤོར་ནས་ རྒྱ་མི་རྡོ་སོལ་དབོར་འདྲེན་བྱེད་མཁན་གྱི་མོ་ཊས་བརྫིས་ནས་རྐྱེན་འདས་སུ་ཕྱིན་པའི་རྗེས་ གཞུང་གིས་རྐྱེན་འདས་སུ་ཕྱིན་པའི་འབྲོག་པ་དེའི་ནང་མིར་དངུལ་སྤྲད་ནས་གནས་ཚུལ་དེ་ཞི་འཇམ་ཡོང་ཐབས་བྱས་པར་བརྟེན་ ས་གནས་སོག་པོ་ཚོ་ཁོང་ཁྲོ་ལངས་ནས་གྲོང་ཁྱེར་གཞུང་གི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ འབྲོག་པ་མོ་རི་གན་རྐྱེན་འདས་སུ་གཏོང་མཁན་འཇུ་བཟུང་བྱས་ཏེ་ཁྲིམས་གཅོད་ནན་པོ་བྱ་དགོས་པ་དང་ ས་གནས་ཀྱི་ཁོར་ཡུག་དང་ འབྲོག་པའི་གནས་སྟངས་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་སོགས་བཏོན་ཏེ་ མུ་མཐུད་ནས་འདས་པའི་ཉིན་གྲངས་ལྔའི་རིང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་ གནས་ཚུལ་ནང་འཁོད་པར་གཞིགས་ན་ དེ་རིང་གཟའ་པ་སངས་ཉིན་ངོ་རྒོལ་ནང་བཞུགས་མཁན་གྱི་སློབ་ཕྲུག་ཚོར་ས་གནས་ཉེན་རྟོག་པས་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད་ ནང་སོག་ནང་གང་སར་དཔོན་རིགས་དང་ཚོང་པའི་དབར་ལག་འབྲེལ་བྱས་ནས་གང་བྱུང་གིས་གཏེར་ཁ་བསྔོག་འདོན་བྱས་ནས་ནང་སོག་གི་རྩྭ་ཐང་མང་པོ་ཞིག་བྱེ་ཐང་དུ་འགྱུར་བཞིན་པའི་གནས་སྟངས་ལ་མི་འདོད་པ་དང་ ལྷག་པར་དུ་སོག་པོའི་མི་རིགས་ཚོར་དུས་ཡུན་རིང་པོའི་ནང་མཐོང་ཆུང་བསྙས་བཅོས་བྱས་པར་མི་འདོད་པར་བརྟེན་ནས་ངོ་རྒོལ་གྱི་ལས་འགུལ་དེ་བྱུང་བ་ཞིག་ཡིན་པའི་སྐོར་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་བྱས་འདུག