རྒྱལ་སྤྱིའི་ཤུགས་རྐྱེན་འོག་རྒྱ་ནག་ནས་༸སྐུའི་སྐུ་ཚབ་དང་ཐུག་འཕྲད་བྱ་རྒྱུ།
2008.04.26
༄༅༎རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ ཐུག་འཕྲད་བྱ་རྒྱུར་མོས་མཐུན་ཡོད་ལུགས་རྒྱ་ནག་གཞུང་གི་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་དང་ བརྙན་འཕྲིན་བཅས་ནང་བསྟན་པ་ནི་ རྒྱལ་སྤྱིའི་དགོངས་ཚུལ་གསུངས་པའི་ཤུགས་རྐྱེན་ཞིག་ཡིིན་པར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག དེ་ཡང་ཕྱི་ཟླ་༤པའི་ཚེས་༢༥ཉིན་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་ཐོག་སྤེལ་བའི་རྒྱ་ནག་གཞུང་གི་སྤྱི་བསྒྲགས་དེ་ནི་ རྒྱལ་ནང་དང་རྒྱལ་སྤྱིའི་མི་མང་གཉིས་ཀར་དམིགས་པ་ཞིག་ཡིན་ཞིང་ དེའི་ནང་སྔོན་འགྲོའི་ཆ་རྐྱེན་གསུམ་བསྐྱར་ཟློས་བྱས་ཡོད་པ་ནི་ ༧གོང་ས་མཆོག་གིས་ཁ་བྲལ་བྱ་སྤྱོད་མཚམས་འཇོག་དགོས་པ་དང་ བོད་ནང་དྲག་སྤྱོད་བརྒྱུད་སྐུལ་མཚམས་འཇོག་དགོས་པ་ ཨོ་ལིམ་ཕིག་རྩེད་འགྲན་ལ་འཁྱུག་སློང་དང་གཏོར་བཤིག་སོགས་མཚམས་འཇོག་དགོས་ལུགས་བཤད་ཡོད་པ་རེད་ རྒྱ་ནག་གཞུང་གིས་འབྲེལ་ལམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་ནི་ རྒྱ་ནག་གུང་གྲན་ཏང་གི་མཁྲེགས་བཟུང་གི་བལྟ་ཕྱོགས་ལས་ཕྱོགས་འགལ་ཡིན་པ་མ་ཟད་ དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་པ་ ཧོ་སེ་མཱ་ནུའེལ་ སྦ་རོ་སོ་ མཆོག་རྒྱ་ནག་ལ་ཕེབས་པ་སོགས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་གནོན་ཤུགས་ལས་བྱུང་བ་ཡིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ གསལ་བསྒྲགས་གནང་འདུག ཕྱོགས་མཚུངས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་བའི་ནང་ བོད་ནང་ད་ལྟའི་གཉན་འཕྲང་ཅན་གྱི་གནས་སྟངས་བྱུང་བ་ནས་བཟུང་དྲག་གནོན་ལ་སེམས་འཚབ་དང་བཅས་ང་ཚོས་རྒྱ་ནག་གཞུང་དང་འབྲེལ་ལམ་ཐོག་ནས་ དུས་ཟིང་ཞི་འཇམ་ཡོང་ཆེད་གྲོས་འདོན་བྱ་རྒྱུ་ཡིན་པ་དང་ ཡང་༧གོང་ས་མཆོག་གིས་ཕྱི་ཟླ་༣པའི་ཚེས་༡༩ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ལ་སྐུ་སྒེར་གྱི་འཕྲིན་ཡིག་ཅིག་གནང་ཡོད་པ་དེའི་ནང་ བོད་ནང་གི་གནས་སྟངས་ཞི་འཇམ་ཡོང་ཆེད་བོད་ནང་སྐུ་ཚབ་གཏོང་རྒྱུའི་གྲོས་འདོན་གནང་ཡོད་སྐོར་གསུངས་ཡོད་ཅིང་ ཡང་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པའི་དབར་གཞུང་འབྲེལ་གྲོས་མོལ་མ་གནང་གོང་བོད་ནང་རྒྱུན་ལྡན་གནས་སྟངས་ཡོང་གལ་ཆེ་བ་དང་ མདོ་དོན་གྲོས་མོལ་འབྲས་བུ་སྨིན་པ་ཞིག་ཡོང་གལ་ཆེ་བ་མ་ཟད་ ༧གོང་ས་མཆོག་གིས་བཟང་ཕྱོགས་ཀྱི་མཛད་ཕྱོགས་གང་ཡིན་པ་དེར་ངོས་ལེན་གནང་དགོས་པ་གལ་འགངས་ཆེ་བ་སོགས་ཀྱི་སྐོར་བཀོད་གནང་ཡོད་པ་རེད་༎