མར་མེའི་ཁྲོམ་སྐོར་ཐོག་ཨི་ཊ་ལི་དང་རྒྱ་མི་རིགས་ཁག་ལྷན་ཞུཌ།
2009.03.10
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིས་རང་དབང་སྒེར་ལངས་གནང་སྟེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཉིན་བཞུགས་སྒར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ནང་ཨི་ཊ་ལི་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཚབ་འཐུས་མི་རྣམས་ལྷན་བཞུགས་གནང་འདུག
བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་ཁག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་ནང་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་མྱ་ངན་གུས་གཏུད་དང་རྒྱ་མིའི་བཙོན་ཁང་ཁག་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་ཁ་ས་དགོང་དྲོ་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིགས་ཞུས་པའི་ནང་བོད་མི་དང་བོད་དོན་སྐྱོར་བ་སྤྱི་དང་ལྷག་དོན་དུ་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཀོ་ལོག་ན་གུན་ཐར་ལགས་དབུས་པའི་སྐུ་ཚབ་འཐུས་མི་རྣམས་དང་དེ་བཞིན་རྒྱ་ནག་གི་མང་གཙོ་དོན་གཉེར་ཚོགས་པའི་ཚོགས་མི་མི་གྲངས་སུམ་བཅུ་ཐམ་པ་མཉམ་བཞུགས་གནང་འདུག
རྒྱ་ནག་གི་མང་གཙོ་ཚོགས་པའི་ཚོགས་མི་རྣམས་ནི་ཉི་ཧོང་དང་ནིའུ་ཛི་ལེནདྲ་ཨ་མི་རི་ཀ་སོགས་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ད་རེས་ཆེད་མངགས་བཞུགས་སྒར་དུ་བཅར་བ་ཞིག་ཡིན་པས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་རིགས་དེ་ཚོས་བོད་ཀྱི་གནད་དོན་སེལ་ཐབས་སུ་བོད་མིར་གདུང་སེམས་མཉམ་སྐྱེས་དང་ཆིག་སྒྲིལ་གྱི་རྣམ་པ་བསྟན་པ་དེར་དགའ་བསུ་ཞུས་གནང་བ་དང་འབྲེལ་བོད་མིས་བོད་རང་བཙན་རྩོད་ཀྱི་མེད་པ་དང་བོད་མི་ཚོས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་མེད་པ་དེ་རྒྱ་ནག་མི་མང་གིས་ཤེས་དགོས་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།