ཨི་ཊ་ལི་གྲོས་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་བཞག་འདུག
2012.02.08
༄༅༎ཨི་ཊ་ལི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་དང་ བོད་མིའི་དབུ་འཁྲིད་༸ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་སོགས་གྲོས་མཆོད་བཞག་ཡོད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་གཞིགས་ན་ ཚེས་ཕྱི་ཟླ་༢པའི་ཚེས་༨སྟེ་ རྒྱལ་སྤྱིའི་ཁྱོན་ཡོངས་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ བོད་ནང་རང་ལུས་མེར་བསྲེགས་བཏང་བའི་བོད་མི་དཔའ་བོ་དཔའ་མོ་རྣམས་དང་ཞི་ལུས་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་ཆེད་ཉིན་རྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་ལས་འགུལ་གྱི་དུས་ཚེས་དང་སྟབས་བསྟུན་སྟེ་ ཨི་ཊ་ལི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་དོན་སྐོར་གྲོས་ཆོད་གཞག་ཡོད་འདུག གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་དེ་འཕྲལ་མར་མཚམས་འཇོག་དགོས་པ་དང་ བོད་རྒྱའི་བཀའ་རྙོག་སེལ་ཆེད་ རྒྱ་ནག་གཞུང་ནས་བོད་མིའི་དབུ་འཁྲིད་གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་ལྷན་དང་གྲོས་མོལ་བསྐྱར་གསོ་བྱེད་པ་ ཕྱི་རྒྱལ་གསར་འགོད་པ་ཚོར་ བོད་ནང་རང་དབང་ཐོག་ནས་འགྲོ་སྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་པ་བཅས་བཀོད་ཡོད་པ་རེད་ གཞན་ཡང་ཨི་ཊ་ལི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཆོད་དེའི་ནང་ རིང་མིན་ཡུ་རོབ་མཉམ་སྦྲེལ་སྒྲིགས་འཛུགས་དང་ རྒྱ་ནག་དབར་ཆེས་མཐོའི་ལྷན་ཚོགས་ཐེངས་༡༤པའི་སྐབས་ཨི་ཊ་ལི་གཞུང་ནས་ད་རེས་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཀྱི་ནང་དོན་དེ་དག་ཕྱོགས་གཉིས་ཀྱི་ལྷན་ཚོགས་སྐབས་ གླེང་གློང་གནང་དགོས་པའི་སྐུལ་ལྕགས་བྱས་འདུག ཨི་ཊ་ལི་གྲོས་ཚོགས་ནང་ ད་རེས་བོད་དོན་སྐོར་གྱི་གྲོས་ཆོད་དེ་བཞིན་ གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིཡ་ནི་ལྦར་ནེ་ཀྲི་ཡིས་འདོན་གནང་མཛད་པ་དང་ཨི་ཊ་ལི་དམངས་གཙོ་ཚོགས་པ་དང་ མི་མང་རང་དབང་ཚོགས་པ་ཨི་ཊ་ལི་བྱང་ཕྱོགས་ཚོགས་པ་ གཡོན་ཐལ་ཆབ་སྲིད་ཚོགས་པ་བཅས་ཀྱི་འཐུས་མི་རྣམས་ནས་རྒྱལ་སྐྱོར་ཞུས་ཡོད་པ་རེད་༎