རྒྱ་ནག་ནས་ནང་འདྲེན་བྱས་པའི་སྲན་མ་བཟས་རྐྱེན་ནད་བྱུང་སྐོར།
2008.10.15
༄༅༎ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན་ཉི་ཧོང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཅིག་ནས་འགྲེལ་བརྗོད་གནང་ཡག་ལ་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཀྲོག་ཡོའི་ནང་གི་ཁྲོམ་རའི་ནང་རྒྱ་ནག་ནས་ཐོན་པའི་སྲན་མའི་རིགས་ཤིག་ཟས་པའི་རྗེས་སུ་ཁའི་ནང་ཚོར་བ་མེད་པ་ལྟ་བུ་ཞིག་ཏུ་གྱུར་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག
རྒྱ་སྲན་མ་དེའི་ནང་བཟའ་བཅའི་རིགས་ནང་འབུ་སྨན་རྒྱབ་ཆོག་པའི་ཚད་གཞི་ལས་བརྒལ་པ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག འོན་ཀྱང་འཕྲོན་བསྟེན་ལས་ཁུངས་ནས་རྒྱུ་རྐྱེན་གསལ་པོ་ཞིག་མ་ཆགས་བར་ཁྲོམ་རའི་ནང་ནས་རྒྱ་ནག་ནས་བཟོས་པའི་སྲན་མའི་རིགས་ཚོང་འགྲེམས་བྱེད་མི་ཆོག་པ་དང་ནང་འདྲེན་ཡང་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག
འཁྱགས་པ་བཏང་བའི་སྲན་མ་འདིའི་རིགས་རྒྱ་ནག་གི་ཤང་དྲོང་ཞིང་ཆེན་གྱི་ཡན་དའེ་སྦི་ཧའེ་ཞེས་པའི་ཟ་བཅའི་བཟོ་གྲྭ་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་གནད་དོན་འདིའི་ཐོག་ཨེ་ཨེཕ་པི་ལས་ཁུངས་ནས་གོང་ཞུས་བཟོ་གྲྭ་དེའི་འགན་འཛིན་ལ་འདྲི་བརྩད་བྱེད་པའི་སྐབས་ཁོང་ཚོའི་ནོར་འཁྲུལ་ཡིན་པའི་ངོས་ལེན་མེད་ལུགས་བཤད་ཡོད་པ་བཅས་གང་ལྟར་ཉི་ཧོང་གཞུང་ནས་རྒྱ་ནག་གཞུང་ཚབ་བརྒྱུད་གནད་དོན་འདི་ལན་བརྡ་སྤྲད་ཡོད་པ་རེད། སྤྱིར་བཏང་ཉེ་བའི་དུས་ཚོད་གང་འཚམས་ཤིག་ནས་བཟུང་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་རྩེད་ཆད་རིགས་དང་དེ་བཞིན་འོ་རྩམ་གཞན་ཡང་དངོས་ཆས་རིགས་ཅིག་རྫུན་མ་དང་ལྷག་པར་དུ་མིའི་ཚེ་སྲོག་ལ་ཉེན་ཁ་ཅན་གྱི་རྫས་སྦྱོར་རིགས་བསྲེས་ལྷད་བཏང་བའི་གནས་ཚུལ་མང་དག་ཅིག་ཐོན་བཞིན་ཡོད་པ་རེད།