ཉི་ཧོང་གི་དམག་གྲུ་ཞིག་རྒྱ་ནག་ཏུ་འབྱོར་རྒྱུ་ཡིན་འདུག
2008.06.17
༄༅༎ཉི་ཧོང་གི་དམག་གྲུ་ཞིག་རྒྱ་ནག་ཏུ་འབྱོར་རྒྱུ་ཡིན་འདུག་ཅིང་ འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཡུལ་གྲུ་གཉིས་དབར་དམག་འཐབ་བྱས་རྗེས་ ཉི་ཧོང་གི་དམག་གྲུ་ཞིག་རྒྱ་ནག་ཏུ་སླེབས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད་
དེང་སྐབས་ཉི་ཧོང་དང་རྒྱ་ནག་དབར་དཔལ་འབྱོར་དང་དམག་དོན་སོགས་ཕྱོགས་ཡོང་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་ཡོད་པ་དང་ ཉི་ཧོང་གི་དམག་གྲུ་ ས་ཛ་ན་མི་ཞེས་པ་དེ་རྒྱ་ནག་ཏུ་བསྐྱོད་རྒྱུ་དེ་ཡང་དེའི་ཆ་ཤས་ཤིག་ཡིན་པ་རེད་ དམག་གྲུ་དེ་བཞིན་ཉི་ཧོང་གི་མཚོ་ཁ་ནས་གཟའ་ཕུར་བུའི་ཉིན་ཐོན་སྟེ་ ཕྱི་ཟླ་དྲུག་པའི་ཚེས་༢༤ ནས་ ༢༨ བར་རྒྱ་ནག་ལྷོ་ཕྱོགས་གུའང་ཏོང་ཞིང་ཆེན་གྱི་ཀྲན་ཅང་མཚོ་ཁར་བབས་ཚུགས་བྱེད་རྒྱུ་ཡིན་པ་ ཉི་ཧོང་གི་བདེ་སྲུང་བློན་ཆེན་ ཤི་གེ་རུ་ ཨི་ཞི་སྦས་གསུངས་འདུག ཁོང་གིས་ དམག་གྲུ་བསྐོར་བསྐྱོད་ཀྱི་ལས་དོན་དེས་ སྲུང་སྐྱོབ་དང་འབྲེལ་ཆགས་ཀྱི་གནད་དོན་ཐད་ང་ཚོའི་གལ་ཆེའི་ཁྱིམ་མཚེས་ཡུལ་གྲུ་རྒྱ་ནག་དང་ང་ཚོ་ཕན་ཚུན་གྱི་གནས་སྟངས་ཤེས་རྟོགས་གོང་འཕེལ་དང་ ཕན་ཚུན་ཡིད་ཆེས་གོང་འཕེལ་དུ་འགྲོ་རྒྱུ་སོགས་ ཉི་ཧོང་དང་རྒྱ་ནག་གཉིས་ལ་ཁེ་ཕན་འབྱུང་རྒྱུ་ཙམ་མ་ཟད་ མངའ་ཁུལ་འདིའི་ནང་ཞི་བདེ་དང་བརྟན་ལྷིངས་འབྱུང་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད་
རྒྱ་ནག་གི་ཤན་ཀྲན་ཞེས་པ་མེ་ཤུགས་འཕུར་མདེལ་ལྡན་པའི་དམག་གྲུ་ཞིག་ ཉི་ཧོང་དུ་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་སླེབས་ཡོད་ཅིང་ དེ་ཡང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ རྒྱ་ནག་གི་དམག་གྲུ་ཞིག་ཉི་ཧོང་དུ་འབྱོར་བ་ཐེངས་མ་དང་པོ་དེ་ཡིན་པ་རེད་ ཉི་ཧོང་གི་དམག་ལས་ཚན་པ་ རྒྱ་ནག་གི་ས་ཐོག་སླེབས་རྒྱུ་དེའི་ཐོག་རྒྱ་ནག་མི་དམངས་ཀྱིས་མི་དགའ་བ་ཆེན་པོ་བྱེད་སྲིད་ཀྱང་ ཡུལ་གྲུ་གཉིས་ཀའི་གཞུང་གིས་ ལས་དོན་འདི་དགེ་ཚན་ཆེན་པོ་དང་ལྡན་པ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་སྟབས་ ཉི་ཧོང་གི་དམག་གྲུ་རྒྱ་ནག་ཏུ་འགྲོ་རྒྱུའི་འཆར་གཞིར་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད་ འདས་པའི་ལོ་གཉིས་ཙམ་ནས་ཕྱོགས་ཀྱི་འབྲེལ་ལམ་ཡར་རྒྱས་འགྲོ་འགོ་བཙུགས་སྟེ་ ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་གི་སྲིད་འཛིན་ ཉི་ཧོང་དུ་ཉིན་གྲངས་ལྔའི་རིང་རྒྱལ་དོན་འཚམས་འདྲིར་ཡང་ཕེབས་ཡོད་པ་རེད།