སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དགོངས་པ་རྫོགས་པ།
2012.03.01
༄༅༎ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་པའི་མངའ་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ཕྱི་ ཟླ་ ༣ ཚེས་ ༡ ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་སྦ་ཏོར་རུ་དགའ་ལྡན་ཐེག་ཆེན་གླིང་དགོན་པར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
སྐྱབས་རྗེ་ཁལ་ཁ་རྗེ་བཙུན་རིན་པོ་ཆེ་མཆོག་སྐུ་ཚེ་གཞན་དོན་དུ་ཕེབས་པའི་གནས་ཚུལ་བྱུང་མ་ཐག་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་བཀོད་ཁྱབ་ལྟར། སྲི་ཞུ་བ་རྣམས་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་ལྷན་འཛོམས་གནང་ཞིང་། མར་མེ་བརྒྱ་མཆོད་ཞལ་ཕྱེ་གནང་ཐོག་སྨོན་ལམ་གསུང་འདོན་གནང་བ་དང་དེ་རྗེས་དེ་ཉིན་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ་རེད།
བོད་མིའི་སྒྲིགས་འཛུགས་ཀྱི་དྲ་རྒྱའི་ཐོག་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་མཛད་རྣམ་མདོར་བསྡུས་ངོ་སྤྲོད་ཞུས་པའི་ནང་། ཇོ་ནང་རྗེ་བཙུན་ཀུན་དགའ་རྣམ་གྲོལ་མཆོག་གི་སྐུ་ཕྲེང་བཅུ་གཅིག་པ་སྐྱབས་མགོན་ཁལ་ཁ་རིན་པོ་ཆེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ ཕྱི་ལོ་ ༡༩༣༢ ལོར་བོད་དབུས་རྭ་ལོའི་གདུང་རྒྱུད་ཡབ་བློ་བཟང་འཇམ་དཔལ་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཞིང་དགུང་གྲངས་བཞིའི་ཐོག་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ལྷ་བླའི་བཀའ་ལུང་རྩེ་མཐུན་ལྟར། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད། འབྲས་སྤུང་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་རྭ་སྒྲེང་རིན་པོ་ཆེ་སོགས་རྩ་བའི་ཡོངས་འཛིན་དུ་བསྟེན་ཏེ། མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་ཕུལ་ཕྱིན་མཛད། དགུང་གྲངས་ཉེར་གཅིག་ཐོག་གདན་ས་རྟག་བརྟན་ཆོས་སྡེར་ཞབས་སོར་འཁོད་ཅིང་། དེའི་དུས་སུ་ཇོ་ནང་བའི་རྣལ་འབྱོར་བ་ཞིག་དང་མཉམ་དུ་ཇོ་ལུགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་ མི་མངོན་པའི་ཚུལ་དུ་ཉམས་བཞེས་མཛད། ཕྱིས་སུ་དུས་འགྱུར་གྱི་དབང་གིས་རྒྱ་གར་དུ་ཕེབས་རྗེས་ཕྱི་ལོ་ ༡༩༩༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་བདག་པོར་མངའ་གསོལ་མཛད་དེ་གཞུང་འབྲེལ་མཛད་སྒོ་གནང་ཞིང་། ལོ་དེར་༸གོང་ས་མཆོག་གིས་དཔལ་ཇོ་ནང་བའི་ངེས་དོན་གྱི་བསྟན་པ་སླར་གསོའི་ཆེད་སིམ་ལ་སངས་རྒྱས་ཆོས་གླིང་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་པར་མཚན་གསོལ་ཏེ་བྱེས་འབྱོར་ཇོ་ནང་བའི་དགེ་འདུན་པ་བཞི་བཅུ་ལྷག་བཀའ་འགུགས་ཀྱིས་སྒྲིག་ཁུངས་སུ་བཅུག དེ་ནས་སོག་ཡུལ་དུ་ཕེབས་ནས་གསེར་ཁྲིར་མངའ་གསོལ་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས་གནང་མཛད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༡ ལོར་སོག་པོར་ཕེབས་ཡོད་པ་རེད།སོག་པོའི་གཞུང་ཕྱོགས་ནས་སོག་པོའི་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་འཛིན་དུ་མངའ་གསོལ་མཛད་པ་བཞིན་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་གནང་མཛད་ཡོད་པ་རེད༎