ཇོ་ནང་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་ཡོང་དགོས་བའི་ཞུ་འབོད་གནང་སོང་།

2024.09.20
ཇོ་ནང་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་ཡོང་དགོས་བའི་ཞུ་འབོད་གནང་སོང་། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གསར་འགོད་ལྷན་ཚོགས་སྐབས། ༠༩།༡༩།༢༠༢༤
བསྟན་འཛིན་དོན་ཡོད། /RFA Dhasa

ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་སོ་བདུན་པ་སྟེ། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་དགོས་པའི་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་བྱུང་མེད་པར་བརྟེན། སྤྱི་ཟླ་༩བའི་ཚེས་༡༩ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཐོག་ནས་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་གཞན་ལྟར་ཐོབ་ཐང་འདྲ་མཉམ་ཡོང་རྒྱུའི་གནད་དོན་དང་འབྲེལ་བའི་ཐོག་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་བཞུགས་སྒར་ས་གནས་འགོ་འཛིན་གི་ཚོགས་ཁང་ནང་དུ་སྤེལ་གནང་སོང་།
སྐབས་དེར་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་སྦྱིན་པ་བཟང་པོ་ལགས་ཀྱིས། ཇོ་ནང་ལྷན་ཚོགས་ཀྱི་ངོས་ནས་མི་ལོ་༢༧ལྷག་རིང་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་གཞན་ལྟར་ཐོབ་ཐང་འདྲ་མཉམ་ཡོང་ཆེད་ཞི་བའི་ཐོག་ནས་ཞུ་འབོད་དང་། ཞི་བའི་ཟས་བཅད་ལས་འགུལ་སོགས་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་མ་བྱུང་བས། མ་འོངས་པར་གནད་དོན་འདིའི་ཐད་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་ཡིན་ན། རྒྱལ་བ་ཇོ་ནང་པར་ཐོབ་ཐང་འདྲ་མཉམ་དགོས་པའི་གནད་དོན་དང་འབྲེལ་བའི་འགན་ཆ་ཚང་གྲོས་ཚོགས་ཀྱིས་འཁུར་དགོས་བའི་གསལ་བསྒྲགས་གནང་སོང་ལ། ཇོ་ནང་ཆོས་བརྒྱུད་ཀྱི་ངོས་ནས་ཐོབ་ཐང་རྩོད་ལེན་མ་ཡིན་པར་ཆོས་བརྒྱུད་ཚང་མར་འདྲ་མཉམ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པས། རྒྱལ་བ་ཇོ་ནང་གི་ཆོས་བརྒྱུད་དེ་ནི་ཆོས་བརྒྱུད་གཞན་དང་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་པས་ཐོབ་ཐང་གི་ཆ་ནས་འདྲ་མཉམ་དགོས་ཡོད་པའི་འབོད་སྐུལ་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། ཆོས་བརྒྱུད་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་དགོས་བ་གསལ་ཡོད་པས། ཇོ་ནང་ཆོས་བརྒྱུད་ཀྱི་ངོས་ནས་དཔལ་རྒྱལ་བ་ཇོ་ནང་པ་ལ་ཆོས་བརྒྱུད་གཞན་ལྟར་གྲོས་ཚོགས་ནང་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་བའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་སྦྱིན་པ་བཟང་པོ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། ཁོང་རྣམས་ཀྱི་དམིགས་ཡུལ་ནི་གྲོས་ཚོགས་ནང་དུ་ཐོབ་ཐང་རྩད་པ་དེ་མིན་པར། དགོས་འདུན་གཙོ་བོ་ནི་ཆོས་བརྒྱུད་ཆ་ཚང་ལ་ཐོབ་ཐང་འདྲ་མཉམ་དགོས་པའི་རེ་བ་དང་ཐུགས་ཁུར་རྒྱབ་སྐྱོར་ཡོང་རྒྱུ་དེ་ཡིན་པ་གསུངས་བྱུང་།
ད་རེས་བཀའ་ཤག་གིས་ཆོས་ཚོགས་སྐབས་༡༢ཀྱི་གྲོས་ཆོད་ནང་དོན་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་གྱི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པར། སྤྱི་འཐུས་ནང་ཁུལ་བགྲོ་གླེང་རིམ་པ་བྱས་པའི་ཁྲོད། སྤྱི་འཐུས་ཁག་ཅིག་གིས་དེ་ནི་མང་ཚོགས་ཀྱི་མངོན་འདོད་ཡིན་པས་རྒྱབ་སྐྱོར་ཡོད་ཚུལ་དང་། ཁག་ཅིག་གིས་དེང་སྐབས་སྤྱི་ཚོགས་ཁྲོད་ཆོས་བརྒྱུད་སྤྱི་འཐུས་དགོས་མཁོ་མེད་པའི་དགོངས་ཚུལ་ཡོད་པའི་ཁྲོད་སྤྱི་འཐུས་ཁ་སྣོན་གནང་རྒྱུར་དགག་བྱ་ཡོད་ཚུལ་གླེང་མཐར་གསང་བའི་འོས་བསྡུ་གནང་བའི་འབྲས་བུར་སྤྱི་འཐུས་༢༡གིས་མ་གཏོགས་རྒྱབ་སྐྱོར་གནང་མཁན་མ་བྱུང་བར་བརྟེན་གཏན་འབེབས་བྱུང་མེད་པ་རེད།
སྤྱིར་ཇོ་ནང་ཆོས་བརྒྱུད་ཀྱི་ངོས་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཆོས་བརྒྱུད་སྤྱི་དང་འདྲ་བར། ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་པའི་ཐོབ་ཐང་འཐབ་རྩོད་དེ་བཞིན། ཕྱི་ལོ་༡༩༩༧ཙམ་ནས་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་ཆེན་པོ་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་ཤག གྲོས་ཚོགས་བཅས་ལ་སྙན་ཞུ་རིམ་བཞིན་ཕུལ་ཏེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་བ་རྣམས་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་དང་། ཕྱི་ལོ་༢༠༡༥ ལོར་ཇོ་ནང་པའི་བོད་མི་མང་སྤྱི་འཐུས་གྲོསས་ཚོགས་མདུན་དུ་ཇོ་ནང་བར་ཐོབ་ཐང་འདྲ་མཉམ་དགོས་པའི་ཞི་རྒོལ་བྱས་ཡོད་པ་རེད། ལོ་དེའི་ཕྱི་ཟླ་༩་ནང་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པའི་སྐབས་ཚོགས་ཞུགས་པ་ཚོར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་བསྩལ་གནང་མཛད་སྐབས། ཇོ་ནང་པ་ཚོས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མདུན་དུ་ཞི་རྒོལ་གྱི་གནས་ཚུལ་སྙན་སེང་ཞུས་སྐབས། ༧གོང་ས་མཆོག་གིས་ཡག་པོ་རེད། ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་པ་རེད། བདེན་པ་ཡང་ཡོད་པ་རེད། བཤད་དགོས་རེད། སྔོན་མ་ནས་བཤད་ཡིན་པ་ཞེས་བཀའ་སྩལ་གནང་མཛད་ཡོད་པ་རེད།


གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎