བོད་ནང་འཛིན་པའི་སྲིད་ཇུས་ལམ་ལྷོང་མེད་པ་གསལ་རྟོགས་དགོས།
2012.02.16
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གཞུང་གིས་ད་ལྟའི་བོད་མིའི་ཐོག་འཛིན་བཞིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལམ་ལྷོང་ཡོང་གི་མེད་པ་གསལ་པོ་ཤེས་པའི་ཐོག་ནས་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཏེ་འགྱུར་བ་གཏོང་དགོས་པའི་དུས་ལ་བབ་ཡོད་པའི་ནན་བརྗོད་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་༡༥ ་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཀའ་བློན་ཁྲི་པ་མཆོག་ལ་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས། བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ཡོད་མུས་ཡིན་ཞིང༌། གནས་སྟངས་དེ་དག་ནི་རྒྱ་ནག་གཞུང་གིས་གསལ་པོ་ཤེས་པའི་ཐོག་ནས་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཀྱི་རེད་ཅེས་དང༌། ང་ཚོས་ད་ལྟ་བར་དུ་རྒྱ་ནག་གི་འགོ་ཁྲིད་ཚོར་བཤད་དང་ཤོད་བཞིན་དེ་དག་ཁ་གསལ་པོ་ཡིན་ཞིང༌། བོད་ནང་གི་བོད་མི་ཚོར་རང་དབང་འདོད་པ་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མཁྲེགས་བཟུང་གི་སྲིད་ཇུས་འཛིན་བཞིན་པ་དེ་ལམ་ལྷོང་འགྲོ་གི་མེད་པ་མ་ཟད། བོད་མི་ཚོའི་ངོས་ནས་ཀྱང་ངོས་ལེན་མི་བྱེད་པའི་ཁར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་གསལ་པོ་རེད། འགྲོ་བ་མིའི་ཚེ་སྲོག་ནི་ཧ་ཅང་གི་རྩ་ཆེན་ཡིན་པ་དང༌། མི་ཞིག་ཡིན་ན་རང་གི་ཚེ་སྲོག་ལ་གཅེས་འཛིན་གྱིས་མི་ཚེ་མུ་མཐུད་བསྐྱལ་རྒྱུའི་འདོད་པ་བྱེད་མཁན་ཤ་སྟག་ཡིན་ཞིང༌། འོན་ཀྱང་བོད་ནང་དུ་རང་གི་གཅེས་པའི་ཚེ་སྲོག་བློས་གཏོང་བྱེད་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་པ་དང༌། ཁོང་ཚོས་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་བློས་བཏང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་དེ་ཚོའི་གནས་སྟངས་ངེས་པར་དུ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་གསལ་པོ་ཤེས་རྟོག་ཐུབ་པ་དགོས་ཀྱི་རེད། ད་བར་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མཁྲེགས་བཟུང་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཡིས་ཕན་ལས་གནོད་ཆེ་བ་ཡོད་པར་བརྟེན་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་བསྒྱུར་བཅོས་བཏང་སྟེ། བོད་མི་ཚོར་རང་དབང་སྤྲོད་དགོས་པ་ནི་གལ་འགངས་ཆེན་པོ་ཡིན། རྒྱ་ནག་གཞུང་གིས་བོད་ནང་ལྷིང་འཇགས་ཡོད་ལུགས་ཤོད་བཞིན་པ་བདེན་པ་ར་སྤྲོད་འཕེར་བའི་ཆེད་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཞིབ་འཇུག་པ་གདན་ཞུ་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་བོད་དུ་འགྲོ་བསྐྱོད་རང་དབང་སྤྲོད་དགོས་པ་དང༌། དེ་ལྟར་མ་བྱུང་ནའང་རྒྱ་མི་རིགས་མཁས་དབང་བོད་དུ་བསྐྱོད་དེ་བོད་ནང་གི་དངོས་ཡོད་ གནས་སྟངས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ལས། རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཁ་ཤས་ཤིག་གིས་བོད་ནང་ལྷིང་འཇགས་ཡོད་ཅེས་ཤོད་པ་ནི་དྲང་བདེན་མིན་པ་གསལ་པོ་རེད་ཅེས་གསུང་ཡོད་པ་རེད།