ཇར་མི་ནི་ནང་མངའ་སྡེའི་སྤྱི་ཁྱབ་པ་ཞིག་གི་ཕེབས་སྐྱེལ་མཛད་སྒོ།
2010.08.31
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་དོན་རྒྱབ་སྐྱོར་གནང་མཁན་ཇར་མི་ནིའི་ཧེ་སེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རོ་ལེན་ཌི་ཀོཆ་མཆོག་གི་ཕྱག་ལས་དགོངས་ཞུ་གནང་བའི་ཕེབས་སྐྱེལ་གྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་པ་རེད།
ཇར་མི་ནིའི་ཧེ་སེ་མངའ་སྡེ་གཞུང་གིས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དམིགས་བསལ་གྱི་མགྲོན་འབོད་གནང་བ་ལྟར་ཕྱི་ཚེས་༣༠ཉིན་ཇར་མི་ནི་དུ་ཕེབས་འབྱོར་གྱིས་ཕྱི་དྲོ་ཧེ་སེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རོ་ལེན་ཌི་ཀོཆ་མཆོག་བློན་ཆེན་ནས་དགོངས་ཞུ་གནང་བའི་མཛད་སྒོའི་ཐོག་ཆེད་བཅར་གྱིས་ད་བར་བློན་ཆེན་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་བ་དང༌། བོད་མིའི་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་རྒྱུན་འཁྱོངས་ཀྱི་ཕྱག་ལས་ལ་སྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། སྐུ་ཞབས་རོ་ལེན་ཌི་ཀོཆ་མཆོག་གིས་མི་ལོ་བཅིུག་དང་ཕྱེད་ཀའི་རིང་ཧེ་སེ་མངའ་སྡེའི་བློན་ཆེན་གྱི་མཛད་འགན་བཞེས་ཡོད་པ་དང༌། འདི་ལོའི་ཕྱི་ཟླ་ལྔ་པའི་ནང་ཁོང་གིས་མཛད་འཁུར་ནས་དགོངས་ཞུ་གནང་རྒྱུའི་གསལ་བསྒྲགས་གནང་སྟེ། ཁོང་གིས་མི་ལོ་དེ་དག་བར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་རིང་ལ་དམིགས་བསལ་ཧེ་སེ་མངའ་སྡེ་དང་བོད་མིའི་འབྲེལ་ལམ་ཧ་ཅང་གི་འཕེལ་རྒྱས་ཕྱིན་པ་དང༌། སྐུ་ཞབས་ཀོཆ་མཆོག་ཀྱང་དུས་ཡུན་རིང་པོ་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་དང་བོད་མི་དང་འབྲེལ་བ་གཟབ་པོ་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡང་སེ་མཇལ་འཕྲད་ཞུ་མྱོང་མཁན་ཞིག་ཡིན་པ་རེད། ཕེབས་སྐྱེལ་མཛད་སྒོ་དེའི་ཐོག་ཇར་མི་ནིའི་སྲིད་བློན་ལྕམ་ཨེན་གེ་ལ་མར་ཀེལ་མཆོག་དང་སྲིད་བློན་ཟུར་པ་སྐུ་ཞབས་ཧེལ་མཏ་ཀོལ་རྣམ་གཉིས་ཀྱང་ཆེད་ཕེབས་གནང་ཡོད་པ་དང༌། ལྕམ་ཨེན་གེ་ལ་མར་ཀེལ་མཆོག་གིས་བཀའ་བློན་ཁྲི་པའི་སྐུ་མདུན་དུ་ཕེབས་ཏེ། འཚམས་འདྲིར་གནང་བ་དང་ཕྱག་བཏང་གནང་ཡོད་པ་རེད། ད་དུང་བཀའ་བློན་ཁྲི་པ་མཆོག་གིས་ཧེ་སེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ལྦོལ་ཀར་སྦུ་ཕར་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།