དམིཌ་བསལ་ཚོཌ་ཆེན་དང་འབྲེལ་བའི་བཀའ་ཁྲིའི་གསུང་གླེང༌།
2008.11.19
༄༅༎བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་མང་ཚོགས་ཀྱི་བསམ་ཚུལ་བཏོན་ཐབས་བྱེད་རྒྱུ་ནི་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པའི་ངོས་འཛིན་དང་དེ་ལྟར་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད་འདུག
བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་བཟུང་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་འདུ་སྟོད་གང་ས་ནས་སྐུ་ཚབ་ལྔ་བརྒྱ་ལྷག་ཙམ་ཆེད་བཅར་གྱིས་དམིགས་བསལ་ཚོགས་འདུ་ཚོགས་བཞིན་ཡོད་པ་རེད། ད་རེས་དམིགས་བསལ་ཚོགས་ཆེན་འདིའི་ཐོག་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཙམ་མ་ཡིན་པར་ཕྱིའི་ཡུལ་གྲུ་ཁག་ནས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་རེད་ལ་ཕྱི་རྒྱལ་གསར་འགོད་པ་མང་པོ་ཞིག་ཀྱང་བཞུགས་སྒར་དུ་གསར་འགྱུར་བཀོད་པར་བཅར་ཡོད་པ་རེད། ཁ་ས་རེས་གཟའ་མིག་དམར་ཉིན་བཀའ་ཤག་ཏུ་གསར་འགོད་པ་དང་གློག་བརྙན་བཟོ་མཁན་ཁག་ཅིག་བཅར་བའི་ཚོགས་འཛོམས་ཐོག་བཀའ་བློན་ཁྲི་པ་མཆོག་གིས་ད་རེས་དམིགས་བསལ་ཚོགས་ཆེན་འདིའི་ཐོག་བཅར་མཁན་ཚོས་བོད་ཀྱི་གནད་དོན་ཐོག་ཚོར་བ་ཤུགས་ཆེན་པོའི་ཐོག་ནས་བགྲོ་གླེང་ལྷུག་པོ་གནང་གི་ཡོད་རེད་ལ་འདི་བརྒྱུད་ནས་མ་འོངས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཐབས་ལམ་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་ཡོང་གི་འདུག་ཅེས་བཀའ་གནང་བ་དང་ཆབས་ཅིག་ཚོགས་ཆེན་འདི་བརྒྱུད་གྲོས་ཆོད་དང་བསམ་འཆར་ཇི་བྱུང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་དེ་ནས་མཐའ་མའི་ཐག་ཆོད་ཡོང་གི་རེད་ཅེས་བཀའ་གནང་འདུག
ཡང་གསར་འགོད་པ་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་ག་འདྲ་ཡོད་མེད་བཀའ་འདྲི་ཞུས་པའི་སྐབས་ཉེ་ཆར་ཨོ་སེ་ཀྲོ་ལི་ཡའི་གསར་འགོད་པ་ཞིག་བོད་ནང་བསྐྱོད་པའི་གཟིགས་ཚུལ་རྣམས་ལུང་འདྲེན་གནང་ནས་བོད་ནང་མི་མང་ཚང་མ་ཧ་ཅང་ཞེད་སྣང་དང་དངངས་འཚབ་ཆེན་པོའིགནས་འོག་གནས་བཞིན་ཡོད་པ་ནི་དཔེར་ན་ལྷ་སའི་ནང་ཆ་མཚོན་ན་རྒྱ་མིའི་དཔུང་དམག་ཧ་ཅང་ཕོན་ཆེ་ས་ཕྱོགས་གང་སར་འགྲེམས་འཇོག་བྱས་ཡོད་ལུགས་གསུངས་འདུག་ དེ་དང་ཕྱོགས་མཚུངས་ཉེ་ཆར་ནོར་ལྦེའི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་ནང་གཟིགས་བསྐོར་ཕེབས་ཡོད་པ་ཁོང་རྣམས་རིང་མིན་ཕྱིར་ལོག་ཕེབས་རྒྱུར་ཁོང་རྣམས་ཀྱི་གཟིགས་ཚུལ་ལའང་ངང་སྒུག་གནང་བཞིན་ཡོད་ལུགས་གསུངས་འདུག གང་ལྟར་བཀའ་བློན་ཁྲི་པ་མཆོག་གིས་ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་བྱེད་རྒྱུའི་སྒོ་མོ་མུ་མཐུད་ཕྱེ་རྒྱུ་ཡིན་མ་གཏོགས་མཚམས་བཞག་རྒྱུའི་འདུན་པ་མེད།དེ་འདྲ་ཡིན་དུས་ད་ཆ་འདི་བྱས་འདི་མིན་རྒྱ་ནག་གཞུང་ལ་རག་ལུས་ཡོད་རེད་ཅེས་གསུངས་པ་མ་ཟད་བོད་ནང་གི་མི་མང་བརྒྱད་ཆ་དགུ་བཅུ་གོ་དགུས་ད་ལྟའང་༸གོང་ས་མཆོག་ལ་ལྷག་བསམ་གཡོ་མེད་ཀྱི་གུས་བརྩི་དང་ཡིད་ཆེས་ཞུ་གི་ཡོད་པའི་སྐོར་ཡང་གསལ་བཀྲོལ་གནང་འདུག