ཀརྨ་པ་མཆོག་གི་གསུངས་ཕྱོཊ་ལ་རྒྱ་ནག་གིས་ལན་འདེབས་བྱས་འདུག
2015.04.17
ཀརྨ་པ་མཆོག་གིས་༧གོང་ས་མཆོག་གི་ཡང་སྲིད་སྐོར་གསུངས་པར་རྒྱ་ནག་གིས་ཆོས་དང་ལོ་རྒྱུས་ལ་བརྩི་འཇོག་དགོས་ཚུལ་ལན་འདེབས་བྱས་འདུག
དེ་ཡང་ཀརྨ་པ་སྐུ་ཕྲེང་༡༧་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྤྱི་ཟླ་༤་ཚེས་༡༥་ཉིན་འདི་ག་ཨེ་ཤེ་ཡ་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བཅར་འདྲིའི་སྐབས། ༧གོང་ས་རྒྱལ་དབང་རིན་པོ་ཆེའི་ཡང་སྲིད་སྐོར་གྱི་གནད་དོན་དེ་རྒྱལ་དབང་རིན་པོ་ཆེ་སྐུ་ངོ་མས་ཐུགས་ཐག་གཅོད་གནང་ཐུབ་པ་ཞིག་མ་གཏོགས། གཞན་སུ་ཞིག་གིས་ཐག་གཅོད་བྱེད་ཐུབ་ཡས་ཞིག་རྩ་བ་ནས་མིན་ཙང་། རྒྱལ་དབང་རིན་པོ་མཆོག་ནས་ཐག་གཅོད་ག་རེ་གནང་པ་དེ་ཐག་གཅོད་ཡག་པོ་ཞིག་ཀྱང་གནང་གི་རེད་བསམ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད། རྒྱུ་མཚན་དེ་འདྲར་བརྟེན་ནས་དེའི་ཐད་ལ་ང་རང་དམིགས་བསལ་གྱི་སེམས་ཁྲལ་གང་ཡང་མེད་ཅེས་དང་། ཡིན་ན་ཡང་དེང་སང་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་ཞིག་གིས་དེའི་ཐོག་ལ་དོགས་པ་བསླངས་པ་ཟེར་ནའི་འདྲ། གང་ལྟར་ཚོད་དཔགས་མང་པོ་ཞིག་བྱས་ནས་ཁོ་ཚོས་དྲི་བ་མང་པོ་ཞིག་བཀོད་ཀྱི་ཡོད་རེད། ཡིན་ནའང་མཐའ་མའི་ཐག་གཅོད་དེ། རྒྱལ་བ་རིན་པོ་ཆེ་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་ཐག་གཅོད་ངོ་མ་དེ་གནང་དུས། ང་ཚོ་ཚང་མས་ཤེས་ཐུབ་པ་ཞིག་ཕལ་ཆེར་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་སོགས་གསུང་གནང་ཡོད་པ་དེའི་ཐད་ལ་རྒྱ་ནག་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པ་ཧུང་ལེའི་ནས། ཏཱ་ལའི་བླ་མའི་ཡང་སྲིད་དེ་ངེས་པར་དུ་འབྲེལ་ཡོད་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱིས་གཏན་འབེབས་བྱས་པ། དེ་བཞིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་བཅས་ལ་བརྩི་བཀུར་བྱེད་ཀྱི་རེད་ཅེས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཐོག་ཁྱབ་བསྒྲགས་བྱས་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་ཡས་ལ་དུས་རྒྱུན་དུ་ལོ་རྒྱུས་ལ་རྩིས་མེད་གཏོང་མཁན་དང་། ཆོས་ལུགས་ལ་བརྩི་བཀུར་གཏན་ནས་མི་བྱེད་པའི་རྒྱ་ནག་དམར་པོའི་གཞུང་གིས་ད་རེས་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་། ལོ་རྒྱུས་ལ་བརྩི་བཀུར་བྱེད་དགོས་ཟེར་བཤད་པའི་གནད་དོན་ལ་གོ་བ་ཇི་འདྲ་ཞིག་ལེན་དགོས་བསམ་ཞེས་སོགས་དྲ་གནས་ཁག་ནང་བཀོད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།