ཀིམ་དང་ཞི་ཡི་མཇལ་འཕྲད་བརྒྱུད་རྡུལ་ཕྲན་གོ་མཚོན་ཁྱབ་གདལ་མི་འགྲོ་བའི་དགེ་མཚན་ཡོད།
2018.03.29
བྱང་ཀོ་རེ་ཡའི་འགོ་ཁྲིད་དང་རྒྱ་ནག་གི་སྲིད་འཛིན་གཉིས་མཇལ་འཕྲད་བྱས་པ་བརྒྱུད་རྡུལ་ཕྲན་གོ་མཚོན་ཁྱབ་གདལ་མི་འགྲོ་བའི་དགེ་མཚན་ཡོད་པ་རྒྱ་ནག་གི་དཔོན་རིགས་ཀྱིས་གསུངས་འདུག
ལྷོ་ཀོ་རི་ཡའི་ནང་གཞུང་འབྲེལ་ལྟ་སྐོར་ལ་འབྱོར་བའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས། གཟའ་འཁོར་འདིའི་ནང་ཀོ་རི་ཡ་བྱང་མའི་འགོ་ཁྲིད་ཀིམ་ཇོང་ཨུན་(Kim Jong Un)པེ་ཅིང་དུ་གཞུང་དོན་ཕྱོགས་བསྐྱོད་ལ་འབྱོར་བ་དེས་ད་ཡོད་འཁོན་རྩོད་ཞི་འཇམ་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་མ་ཟད། ཀོ་རི་ཡ་ཕྱེད་གླིང་ནང་རྡུལ་ཕྲན་གོ་མཚོན་ཁྱབ་གདལ་མི་འགྲོ་བའི་དགེ་མཚན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་འབྲེལ་ལས་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་གྲས་ ཡང་ཅིཡེས་ཆི་(Yang Jiechi)ཡིས། འདི་ཚེས་༢༩་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཀྱི་སྤྱི་ཁྱབ་ཅུང་ཨུཡི་ཡོང་(Chung Eui-yong)དང་མཇལ་མོལ་སྐབས་བརྗོད་དོན། ད་རེས་ཀིམ་ཇོང་ཨུན་(Kim Jong Un)རྒྱ་ནག་ནང་ལྟ་སྐོར་འབྱོེར་བ་དེས། ཀོ་རི་ཡ་ཕྱེད་གླིང་ནང་གོ་མཚོན་ཁྱབ་གདལ་མཚམས་འཇོག་ལ་ཕན་ཐོགས་ཡོང་རྒྱུ་དང་ཀོ་རི་ཡའི་ཕྱེད་གླིང་ནང་ཞི་བདེ་ལྷིང་འཇགས་སྲ་བརྟན་འགན་སྲུང་དང་འབྲེལ་ནས་ཆབ་སྲིད་ཀྱི་གྲོས་མོལ་ལམ་ནས་དཀའ་རྙོག་སེལ་ཐུབ་པའི་རེ་བ་ང་ཚོས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་འདུག
ཕྱོགས་མཚུངས་ཡང་ཅིཡེ་ཆི་ཡིས་ལྷོ་ཀོ་རི་ཡའི་ནང་། རྒྱལ་སྲུང་དང་ཕྱི་འབྲེལ་དཔོན་རིགས་གཞན་ཁག་ཅིག་ལྷན་ཐུག་འཕྲད་དང་འབྲེལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་(Kim Jong Un)རྒྱ་ནག་ལ་ལྟ་སྐོར་འབྱོར་བའི་སྐོར་གྱི་གནས་ཚུལ་འགྲེལ་བཤད་བྱ་རྒྱུ་ཡིན་པ་དང་། ཚེས་༣༠་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་(Moon Jae-in)མཆོག་མཇལ་འཕྲད་ཞུ་རྒྱུའི་ལས་འཆར་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།