རྔ་པ་ཀིརྟི་དགོན་པའི་གྲ་གློད་འགྲོལ་ཡོང་བའི་འབོད་སྐུལ།

ཀིརྟི་རིན་པོ་ཆེས་རྒྱ་ནག་གཞུང་ལ་ཀིརྟི་དགོན་པའི་དགེ་འདུན་པ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་འགྲོལ་ཡོང་བའི་འབོད་སྐུལ་གནང་བ།

2011.04.29

༄༅༎བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲ་ཚང་དུ་བཞུགས་པའི་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་མཆོག་གིས། རྒྱ་ནག་གཞུང་ལ་བོད་ཀྱི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་འགྲོལ་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༢༡ ཉིན་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་གིས་རྔ་པ་ཀིརྟི་དགོན་པ་མཐའ་སྐོར་ཏེ། དགེ་འདུན་པ་བཞི་བརྒྱ་ཙམ་འཛིན་བཟུང་བཙན་ཁྲིད་བྱས་པ་དང་སྐབས་དེར་དགེ་འདུན་པ་འཛིན་བཟུང་བྱེད་རྒྱུ་ལས་འགོག་ཐབས་བྱེད་མཁན་གྱི་ས་གནས་བོད་མི་རྣམས་ལ་ཉེས་རྡུང་ཚབས་ཆེ་བཏང་བའི་འོག་ལོ་ན་དྲུག་ཅུ་རེ་གྲངས་ཡིན་པའི་རྒན་རྒོན་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་བར་བརྟེན། དེ་རིང་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། རྒྱ་ནག་གཞུང་ལ་དགེ་འདུན་པ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་འགྲོལ་ཡོང་བའི་རེ་སྐུལ་གནང་བ་མ་ཟད། ད་དུང་རྒྱ་མིའི་དྲག་ཆས་དམག་མིས་ཀིརྟི་དགོན་པའི་ནང་དགེ་འདུན་པ་ཉིས་སྟོང་བཞུགས་ཡོད་པ་རྣམས་ལ་ཕྱི་ཕྱོགས་སུ་འགྲོ་བསྐྱོད་རང་དབང་མི་སྤྲོད་པར་དམ་བསྒྲཌ་བྱེད་མུས་ཁར་ཁོང་ཚོའི་ཕ་མ་དང་སྤུན་མཆེད་སོགས་དང་ཐུག་འཕྲད་བྱེད་པའི་རང་དབང་སྤྲོད་ཀྱི་མེད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་ཐོག་སྔར་བས་དམ་བསྒྲཌ་ཆེ་རུ་གཏོང་དོན་ནི། ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚབས་ཆེའི་དྲག་གནོན་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་པར་བརྟེན་ཕྱི་ཟླ་གསུམ་པའི་ཚེས་༡༦ ནས་བཟུང་རྒྱ་མིའི་དྲག་ཆས་དམག་དཔུང་གིས་ཀིརྟི་དགོན་མཐའ་སྐོར་ཏེ་དགེ་འདུན་པ་ཚོར་འགྲོ་འོང་གི་རང་དབང་མེད་པར། དགེ་འདུན་པ་ཕྱི་ཕྱོགས་སུ་མི་གཏོང་བ་དང་ཕྱི་མི་ནང་དུ་མི་གཏོང་བ་མ་ཟད། དགེ་འདུན་པའི་གསོལ་ཆས་སོགས་ཐུགས་མཁོའི་རིགས་གཅིག་ཀྱང་དགོན་པའི་ནང་འཁྱེར་དུ་མི་བཅུག་པའི་དམ་བསྒྲཌ་ཆེན་པོར་གནས་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎