རྒྱ་ནག་ཧུ་ནན་དུ་ཁོར་ཡུག་སྦག་བཙོག་གི་རྩོད་གཞིའི་སྐོར།
2009.08.20
༄༅༎རྒྱ་ནག་གི་ཧུ་ནན་ཞིང་ཆེན་ནང་འཁོར་ཡུག་སྦག་བཙོག་གི་རྐྱེན་པས་ཉེན་རྟོག་པ་དང་ས་གནས་ཡུལ་མིའི་དབར་འཁྲུག་རྩོད་བྱུང་བཞིན་པའི་སྐབས་ཞིང་ཆེན་དེའི་ནང་ཡོད་པའི་ལྕགས་རིགས་ཀྱི་བཟོ་གྲྭའི་ཉེ་འཁྲིས་སུ་ཆགས་པའི་ས་ཁུལ་ཞིག་ནང་ཕྲུ་གུ་༡༣༥༤ཟུངས་ཁྲག་ནང་ཚད་ལས་བརྒལ་བའི་ཞ་ཉེའི་ལྷད་ར་སྤྲོད་བྱུང་སྟེ་འཁོར་ཡུག་སྦག་བཙོག་གི་རྩོད་གླེང་ཇེ་ཆེར་སོང་ཡོད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཧུ་ནན་ཞིང་ཆེན་གྱི་ལྦེན་ཕིང་གྲོང་ཁྱེར་རུ་ཡོད་པའི་ལྦུ་ཀང་ཞེས་ཞ་ཉེ་དང་ལྕགས་རིགས་བཟོ་གྲྭའི་དུག་རྫས་ཀྱིས་ས་གནས་ཀྱི་འཐུང་ཆུ་སྦག་བཙོག་དང་ཡུལ་མི་ཚོའི་འཕྲོད་བསྟེན་ལ་གནོད་ཚབས་བཟོས་པར་བརྟེན་ཉེ་སྔོན་ཚེས་བརྒྱད་ཉིན་ལྦེན་ཕིང་གྲོང་ཁྱེར་ནང་མི་ཚོགས་ཆིག་སྟོང་ལྷག་གི་ས་གནས་གཞུང་དང་ལྕགས་རིགས་བཟོ་གྲྭ་གཉིས་ལ་ངོ་རྒོལ་མཚོན་ཆེད་གཞུང་ལམ་བཀག་འགོག་གི་ལས་འགུལ་སྤེལ་སྟེ་ས་གནས་ཉེན་རྟོག་པ་དང་འཁྲུག་རྩོད་ཀྱི་དོན་རྐྱེན་བྱུང་ཡོད་པ་རེད། དེ་སྔོན་རྒྱ་ནག་ཉིན་རེའི་གསར་ཤོག་གི་གནས་ཚུལ་ནང་ལྕགས་རིགས་བཟོ་གྲྭའི་དུག་རྫས་ཀྱི་རྐྱེན་པས་ཕྲུ་གུ་དྲུག་བརྒྱ་ནས་ཕྲུ་གུ་ཆིག་སྟོང་གི་ཟུངས་ཁྲག་ནང་ཞ་ཉེ་ཚད་མཐོ་པོ་ཡོད་སྐོར་བརྗོད་ཀྱང་ཁ་ས་རྒྱ་ནག་གི་གཞུང་འབྲེལ་གསར་ལས་ཁང་གིས་ཞིབ་འཇུག་ནང་ལྕགས་རིགས་བཟོ་གྲྭའི་ཉེ་འཁྲིས་སུ་གནས་སྡོད་བྱེད་མཁན་ཕྲུ་གུ་བརྒྱ་ཆ་བདུན་བཅུ་ལྷག་གི་ཟུངས་ཁྲག་ནང་ཞ་ཉེ་ཚད་མཐོ་བོ་ཡོད་པའི་སྐོར་སྐྱར་ཞིབ་བྱུང་ཡོད་པ་རེད། མང་ཚོགས་ཀྱི་ངོ་རྒོལ་ལ་བརྟེན་ནས་ས་གནས་གཞུང་ཕྱོགས་ནས་ལྦུ་ཀང་ཞེས་པའི་ཞ་ཉེ་དང་ལྕགས་རིགས་ཀྱི་བཟོ་གྲྭ་སྒོ་རྒྱབ་ཏུ་བཅུག་པ་མ་ཟད་བཟོ་གྲྭའི་མཐོ་རིམ་འགན་འཛིན་གཉིས་ཕྱིར་འབུད་བཏང་ཡོད་འདུག རྒྱ་ནག་གཞུང་གི་འཁོར་ཡུག་བློན་ཆེན་གྱིས་བརྗོད་ན་རྒྱ་ནག་ནང་འཁོར་ཡུག་གི་གནད་དོན་གྱི་རྐྱེན་པས་མང་ཚོགས་ཁྲོད་ནས་ངོ་རྒོལ་གྱི་དོན་རྐྱེན་དེ་ལོ་རེར་བརྒྱ་ཆ་སུམ་བཅུ་ཙམ་གྱི་མང་དུ་འགྲོ་ཡི་ཡོད་པ་རེད༎