རྒྱ་གཞུང་གིས་བོད་མི་བློ་བཟང་རྒྱལ་མཚན་སྲོང་ཐོག་གཏང་རྒྱུ།
2009.11.16
༄༅༎བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་དཔྱད་ཁྲའི་ཡིག་ཆའི་ཐོག་ནས་བོད་རིགས་བློ་བཟང་རྒྱལ་མཚན་ལ་སྲོག་ཐོག་གཏོང་རྒྱུའི་ཐག་ཆོད་བྱས་པ་ར་ཁྲོད་བྱུང་འདུག
༄༅༎དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཡིག་ཆ་ལག་སོན་བྱུང་དོན་ལྟར་ན།བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཡིན་པ་རང་ལོ་ ཉི་ཤུ་རྩ་བཞི་ཡིན་པ་དང་།ལས་རིགས་སྣེ་ཤན་པ་ཡིན་པའི་བློ་བཟང་རྒྱལ་མཚན་ལགས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཀྱི་ ཉིན།ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཀྱི་ཁྲིམས་ཁང་གིས་ཐག་ཆོད་བྱས་ཡོད་པ་དང་།ཐག་ཆོད་དེའི་ནང་ཞུ་གཏུགས་འཁེལ་མི་བློ་བཟང་རྒྱལ་མཚན་གྱིས་མེ་བརྒྱབ་པའི་ནག་ཉེས་བསགས་པར་སྲོག་ཐོག་གཏོང་རྒྱུ་དང་།ཆེ་གང་རིང་གི་ཆབ་སྲིད་དབང་ཆ་བཙན་འཕྲོག་བྱ་རྒྱུའི་ཁྲིམས་གཅོད་བྱས་འདུག་ཁྲིམས་ཁང་དེ་ཉིད་ཀྱི་དཔྱད་ཁྲའི་ཡིག་ཆ་ནང་བོད་རིགས་བློ་བཟང་རྒྱལ་མཚན་ལགས་དང་ཕན་པོ་ནས་ཡིན་པའི་བོད་རིགས་བུད་མེད་སྤེན་སྐྱིད་གཉིས་ཀྱིས་ལྷ་སའི་གཞོན་ནུའི་ལམ་དུ་ཡོད་པའི་རྒྱ་རིགས་རང་ལོ་བཞི་བཅུ་ཞེ་ལྔ་ཛའོ་རིན་ཚུན་གྱིས་གཉེར་བའི་གྱོན་གོས་ཀྱི་ཚོང་ཁང་མེར་བསྲེགས་བཏང་བའི་རྒྱ་རིགས་དེ་ཤི་སྐྱོན་བྱུང་བ་དང་ལམ་དེ་ཉིད་དུ་ཡོད་པའི་རྒྱ་རིགས་ཚོང་ཁང་གཞན་ཞིག་མེ་བསྲེགས་བཏང་བ་དང་དེ་ནས་ར་མོ་ཆེའི་ལམ་དུ་ཡོད་པའི་ཉེན་རྟོག་དམག་མི་རྡོ་གཞུས་པ་དང་སོ་སོ་རྡུང་གཅོག་བཅོམ་སྲེག་ནང་དུ་ཞུགས་པ་མ་ཟད་གཞན་ལ་བརྒྱུད་བསྐུལ་བྱས་པ་སོགས་ཀྱི་ནག་ཉེས་ཡོད་པ་ར་ཁྲོད་བྱུང་ནས་ཁྲིམས་གཅོད་བྱས་པའི་བཀོད་འདུག
བོད་རིགས་བློ་བཟང་རྒྱལ་མཚན་ལགས་དང་དེ་མིན་བོད་རིགས་ཁག་གཅིག་གི་ལྷན་དུ་འདི་ལོ་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་ལྷ་ས་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་གི་དཔྱད་ཁྲ་གཞི་བཟུང་ཁོང་གི་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་པ་རེད།ཡིག་ཆའི་དེ་གའི་ནང་དུ་བཀོད་པའི་ཕན་པོ་ནས་ཡིན་པའི་སྤེན་སྐྱིད་དང་བསྟན་འཛིན་ཕུན་ཚོགས་དང་འཆི་མེད་ལྷ་འཛོམས་སོགས་ལ་ཁྲིམས་གཅོད་གང་བཏང་ཡོད་པ་གསལ་པོ་ཤེས་རྟོགས་བྱུང་མི་འདུག།