ལི་བི་ཡ་ངོ་རྒོལ་བ་ཚོས་ག་རྡ་ཕིའི་སྐྱེས་ཡུལ་དབང་བསྒྱུར་བྱ་འཆར།
2011.03.05
༄༅༎ཨཕ་རི་ཀའི་གླིང་ཆེན་གྱི་རྩེ་མོར་ཆགས་པའི་ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་མུའ་མར་ག་རྡ་ཕི་ལ་ངོ་རྒོལ་བ་ཚོས་ཤར་ཕྱོགས་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྦེན་ག་ཛི་གཙོ་བོར་འགྱུར་པའི་ཤར་ཕྱོགས་གྲོང་ཁྱེར་ཕལ་མོ་ཆེར་དབང་བསྒྱུར་ཟིན་པ་མ་ཟད། ག་རྡ་ཕི་སྐྱེས་ཡུལ་སིར་ཊེ་ལ་དབང་བསྒྱུར་བྱེད་འཆར་ཡོད་པ་རེད། སིར་ཊེ་གྲོང་ཁྱེར་དུ་དམག་སྒར་དང་གནམ་ཐང་ཡོད་པ་དང༌། ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་ག་རྡ་ཕི་ཡིས་ཕྱི་ལོ་༡༩༩༩་ལོར་ཨཕ་རི་ཀ་ཆིག་བསྒྲིལ་ཞེས་པའི་ཡིག་ཆར་ས་རྟགས་འགོད་ཆེད་ཨཕ་རི་ཀའི་གླིང་ཆེན་གྱི་འགོ་ཁྲིད་མང་པོ་འདུ་འཛོམས་བྱ་ཡུལ་གྱི་ལོ་རྒྱུས་བྱུང་ཡོད་པ་རེད། ད་ལྟའི་ཆར་ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་མུའ་མར་ག་རྡ་ཕི་ལ་ལི་བི་ཡའི་རྒྱལ་ས་ཏྲི་པོ་ལི་ལ་དབང་བསྒྱུར་ཡོད་པ་མ་ཟད། རྒྱལ་སའི་ཐག་ཉེར་ཡོད་པའི་ངོ་རྒོལ་བའི་དབང་བསྒྱུར་འོག་ཚུད་ཟིན་པའི་ཛ་ལྦི་ཡ་གྲོང་ཁྱེར་ལ་ག་རྡ་ཕི་ཡི་དམག་མིས་གཏོར་རྒོལ་ལན་མང་བཏང་ཡོད་པ་རེད། གྲོང་ཁྱེར་ཛ་ལྦི་ཡ་རུ་ངོ་རྒོལ་བ་དང་ག་རྡ་ཕི་ཕྱོགས་གཏོགས་པའི་དབར་དམག་འཐབ་བྱུང་སྟེ་མི་གྲངས་བཅུ་ཕྲག་འགའ་ཞིག་གི་ཚེ་སྲོག་འཕྲོག་འདུག གྲོང་ཁྱེར་དེའི་ནང་ངོ་རྒོལ་བ་ཚོས་བདུན་ཕྲག་གཅིག་ལྷག་རིང་དཔའ་ངར་ཆེན་པོས་དམག་འཐབ་བྱས་ཡོད་ཅིང་། དམག་མི་དང་ཞི་བའི་མི་མང་གི་ཚེ་སྲོག་མང་པོ་ཤོར་ཡོད་པ་རེད། ལྷག་པར་ག་རྡ་ཕི་ཕྱོགས་གཏོགས་པས་གནམ་ཐོག་ནས་གནམ་དམག་གིས་གཏོར་རྒོལ་གཏོང་གི་ཡོད་སྟབས། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། ནེ་ཊོ་ཞེས་བྱང་ཨེཏ་ལེན་ཀྲིག་ཆིངས་དོན་སྒྲིག་འཛུགས་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་མུའ་མར་ག་རྡ་ཕི་ཡི་ཕྱོགས་གཏོགས་པའི་གནམ་གྲུ་མཁའ་ལམ་འཕུར་བསྐྱོད་ལ་བཀག་སྡོམ་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད།
འོན་ཀྱང་ངོ་རྒོལ་བར་རྒྱབ་སྐྱོར་བྱས་ཏེ་ལི་བི་ཡ་ཡུལ་ནང་ནུབ་ཕྱོགས་ཡུལ་གྲུས་དབང་བསྒྱུར་བྱེད་མི་རུང་བའི་སྐོར་ལི་བི་ཡའི་ས་གནས་ཡུལ་མིས་བརྗོད་ཀྱི་ཡོད་པ་རེད། གང་ལྟར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་དང་བུ་རྒྱུད་བཅས་པར་འགྲུལ་བཞུད་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཏང་ཡོད་པ་རེད༎