རྒྱ་ནག་གིས་བོད་ཐོག་ལ་བཟང་ཕྱོགས་ཀྱི་རྟགས་མཚན་མེད་པ།
2010.01.29
༄༅༎བོད་རྒྱའི་སྐུ་ཚབ་རྣམ་པའི་མཇལ་འཕྲད་ཐེངས་དགུ་པ་འདིའི་རྒྱུད་ནས་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་རྒྱུར་དམིགས་བསལ་གྱི་གྲུབ་འབྲས་གང་ཡང་ཐོན་བཟོ་མེད་སྐོར་ཉམས་ཞིབ་པ་ཚོས་ཚོད་དཔག་གནང་གི་ཡོད་འདུག
དེ་ཡང་བོད་རྒྱའི་འབྲེལ་མོལ་དེ་རྒྱུན་རིང་བར་མཚམས་ཆད་པའི་རྗེས། ཉེ་ལམ་བློ་བུར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་ཏུ་འབྲེལ་མོལ་ཆེད་ཕེབས་ཐོན་གནང་བ་འདིའི་ཐད། དེང་སྐབས་གསར་འགྱུར་བརྒྱུད་ལམ་དང་ཉམས་ཞིབ་པ་ཚོས་དོ་སྣང་དང༌། ཚོད་དཔག་འདྲ་མིན་བྱེད་བཞིན་པ་ལྟར། འདི་ཚེས་༢༩ཉིན་རྒྱ་གར་གྲོང་ཁྱེར་མུམ་སྦའེ་ནས་འདོན་སྤེལ་བྱེད་བཞིན་པའི་ཉིན་རེའི་གསར་འགྱུར་དང་དཔྱད་གཏམ་ཞེས་པའི་གསར་ཤོག་ཐོག་སྐུ་ཞབས་ལྦེན་ཀ་ཏེ་སན་ལྦེམ་སྦུ་ཞུ་བས་ཆེད་རྩོམ་ཞིག་སྤེལ་བའི་ནང༌། ད་ལམ་གྱི་འབྲེལ་མོལ་འདི་ནི། རྒྱ་ནག་ཕྱོགས་ནས་དུས་ཚོད་ནར་འགྱངས་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་གྲོས་མོལ་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་ཆེད་ཙམ་མ་གཏོགས། རྒྱ་ནག་གཞུང་གིས་བོད་ཐོག་འཁྲེག་བཟུང་གི་སྲིད་བྱུས་འཛིན་བཞིན་པ་དེར་འགྱུར་བ་གཏོང་བཟོ་མེད་པ་ནི། ཉེ་ལམ་བོད་ཀྱི་འགོ་འཁྲིད་འཕོ་བསྒྱུར་གཏོང་སྟངས་དང༌། དེ་བཞིན་ཟླ་བ་འདིའི་ཚེས་༡༨ནས་༢༠བར་ཉིན་གྲངས་གསུམ་གྱི་རིང་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་སྐོང་ཚོགས་བྱས་པའི་བོད་ལྗོངས་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཟེར་བའི་ཐོག་ཐག་གཅོད་གང་བྱས་པ་ནས་གསལ་པོ་ཤེས་ཐུབ་པ་རེད་ཅེས་གསུངས་འདུག དེ་ཡང་ཉེ་ལམ་གྱི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བའི་ཐོག་ཧུའུ་ཅིན་ཐའོ་ཡིས། “བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་དེད་བྱེད་དགོས་པ་དང༌། ངེས་པར་དུ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས་པ་དེ་ལྡོག་ཏུ་མེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ། རྒྱུན་མཐུད་དང་གཏིང་ཟབ་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས་”ཞེས་དང་། ཡང་“བོད་ནང་གི་འགལ་ཟླ་གཙོ་བོ་ནི། ཡར་ཐོན་དང་རྗེས་ལུས་ཀྱི་འགལ་ཟླ་ཡིན་པ་དང༌། ཏཱ་ལའི་བླ་མའི་རྗེས་འབྲངས་པའི་ཁ་བྲལ་གྱི་སྟོབས་ཤུགས་དེ་དམིགས་བསལ་གྱི་འགལ་ཟླ་ཞིག་ཡིན་”ཟེར་བ་སོགས་བཤད་ཡོད་པར། ཉེ་ལམ་རྒྱ་ནག་གི་འགོ་འཁྲིད་ཚོས་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བའི་རྟགས་མཚན་གང་ཡང་མེད་སྐོར་སྐུ་ཞབས་ལྦེན་ཀ་ཏེ་སན་ལྦེམ་སྦུ་ཡིས་སྤེལ་བའི་ཆེད་རྩོམ་དེའི་ནང་གསལ་འདུག