སྨན་ཁང་དུ་ཡོད་པའི་ལིའུ་ཞོ་པོ་དང་བཟའ་ཟླ་ཐུག་འཕྲད།
2017.06.30
རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཞོ་པོ་ཡི་དང་ཁོང་གི་བཟའ་ཟླ་ལིའུ་ཞ་སོགས་དུས་ཡུན་ཐུང་ངུའི་རིང་ཐུག་འཕྲད་བྱེད་དུ་བཅུག་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་སྐུ་ཞབས་ཡུས་ཅེ་ཡིས་རེས་གཟའ་ཕུར་བའི་མཚན་མོར་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་དོན། གནས་ཚུལ་ཡོང་ཁུངས་སྨན་ཁང་གི་མི་སྣ་ཞིག་གིས་བཤད་པ་ལྟར་ན། འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོ་སྨན་བཅོས་བྱེད་སའི་ཧྲིན་ཡང་གསོ་རིག་ཚན་ཁག་ཡན་ལག་སྨན་ཁང་དང་པོ་དེ་ད་ལྟ་ཡོངས་སུ་དམ་དྲག་གི་འོག་གནས་ཡོད་པ་དང་། ཐོག་ཁང་ཕྱི་ལོགས་ན་ཞི་བའི་ཆས་སྤྲས་པའི་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཉིན་མཚན་མེད་པར་ལྟ་སྲུང་ནན་མོ་བྱས་ཡོད་པ་དང་། ཕར་འགྲོ་ཚུར་འོང་གི་མི་སྣ་ཚང་མར་ཞིབ་བཤེར་ནན་མོ་བྱེད་ཀྱིན་ཡོད་པ་མ་ཟད། མཆིན་ནད་སྨན་བཅོས་ལྟེ་གནས་ཁང་གི་ཐོག་བརྩེགས་གསུམ་པའི་གློག་སྐས་དང་ཐེམ་སྐས། སྐུ་ཞབས་ལིའུ་ཞོ་པོ་བཞུགས་སའི་ནད་ཁང་གི་སྒོ་ཁ་བཅས་སུ་ཉེན་རྟོག་མི་སྣས་ལྟ་སྲུང་བྱེད་བཞིན་ཡོད་འདུག
གོང་ཞུས་གནས་ཚུལ་ཡོང་ཁུངས་དེས་འགྲེལ་བརྗོད་ལྟར་ན། སྐུ་ཞབས་ལིའུ་ཞོ་པོ་ལགས་ཁོང་གི་མཚན་ངོ་མ་སྨན་ཁང་དུ་ཐོ་འགོད་བྱས་ཡོད་འདུག་ཅིང་། སྨན་པ་དང་ནད་གཡོག་ཚང་མར་ཕྱི་རོལ་དུ་གནས་ཚུལ་རིགས་གཅིག་ཀྱང་བཤད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ལག་འཁྱེར་ཁ་པར་ཙམ་ཡང་འཁྱེར་མི་ཆོག་པའི་བཀའ་རྒྱ་བཏང་འདུག དེ་མིན་ཁོང་གིས་སྐུ་ཞབས་ལིའུ་ཞོ་པོའི་གནས་སྟངས་ཧ་ཅང་མི་བཟང་བ་དང་། ན་ཟུག་ཆེ་བའི་དབང་གིས་རྒྱུན་ཆད་མེད་པར་ན་སྐད་རྒྱག་བཞིན་ཡོད་ལ། བཟི་སྨན་མང་ཙམ་རྒྱག་རྒྱུར་རེ་འདུན་ཡང་ནས་ཡང་དུ་ཞུ་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་འདུག
གཞན་ཡང་གནས་ཚུལ་ཡོང་ཁུངས་ཀྱིས་བཤད་པ་ལྟར་ན། སྐུ་ཞབས་ལིའུ་ཞོ་པོའི་བཟའ་ཟླ་ལིའུ་ཞ་དང་ཁོང་གི་ཕུ་པོ། ནུ་བོ་བཅས་དུས་ཡུན་ཐུང་ངུའི་རིང་ཁོང་ལ་ལྟ་གཟིགས་ཆོག་པར་གཞུང་གིས་ཆོག་མཆན་སྤྲད་ཡོད་ཀྱང་། ཐེངས་རེ་རེར་དུས་ཡུན་སྐར་མ་བཅུ་ནས་ཉི་ཤུ་ལས་སྡོད་ཆོག་གི་མེད་པ་ཡིན་འདུག
ད་ལྟ་ལོ་ན ༦༡ ཡིན་པའི་སྐུ་ཞབས་ལིའུ་ཞོ་པོ་ནི་འཛམ་གླིང་ནོ་བེལ་ཞི་བདེ་གཟེགས་རྟགས་རག་མཁན་རྒྱ་རིགས་ཐོག་མ་དེ་ཡིན་ཡང་། སྤྱི་ལོ ༢༠༠༩་ལོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ཉེས་མིང་བཙུགས་ནས་ལོ ༡༡ གི་བཙོན་འཇུག་ཁྲིམས་ཆད་བཏང་ནས་བཙོན་འཇུག་བྱས་ཡོད་ཀྱང་ཉེ་ལམ་ཁོང་ལ་མཆིན་པའི་འབྲས་ནད་བྱུང་རྐྱེན་བཙོན་ཁང་ནས་སྨན་ཁང་དུ་སྤོར་ནས་སྨན་བཅོས་བྱེད་ཀྱིན་ཡོད་པ་རེད།
དེ་བཞིན་སྐུ་ཞབས་ལིའུ་ཞོ་པོ་ལགས་སྨན་ཁང་དུ་སྨན་བཅོས་ཡག་པོ་དང་རྟག་དཔྱད་ཡང་ཡང་བྱེད་བཞིན་ཡོད་པའི་བརྙན་ཐུང་སྐར་མ་གསུམ་ལྷག་ཅན་ཞིག་ཕྱི་ཕྱོགས་སུ་ཁྱབ་ཡོད་པ་དང་། བརྙན་ཐུང་དེ་ག་དུས་ཕྱི་ལ་ཐོན་པ་དང་། སུས་ཕྱི་ལ་བཏང་བ་སོགས་ཁ་གསལ་མེད་ཀྱང་དོ་སྣང་ཅན་ཚོས་དེ་ནི་རྒྱ་ནག་གཞུང་གིས་ཆེད་དྲིལ་བསྒྲགས་ཆེད་ཕྱི་ལ་དཀྲམ་པ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།