བོད་མིའི་ཞི་རྒོལ་ཐོག་རྒྱ་ནག་གཞུང་གི་ཡར་ལན་ལ་ཞིབ་བརྟག

བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཐོག་རྒྱ་ནག་གཞུང་གིས་ཡར་ལན་སློག་སྟངས་ལ་ཞིབ་བརྟག་བྱེད་བཞིན་ཡོད་འདུག

2008.07.23

༄༅༎རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་རྒྱུར་གཟའ་འཁོར་གཉིས་ཙམ་ལས་མེད་པའི་སྐབས་འདིར་ རྩེད་འགྲན་དེའི་མགྲོན་བདག་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ལྷག་དོན་དུ་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཐོག་རྒྱ་ནག་གཞུང་གིས་ཡར་ལན་སློག་སྟངས་ལ་ཞིབ་བརྟག་བྱེད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱས་པ་དང་བོད་ཀྱི་མདོ་སྨད་ས་ཁུལ་ཁག་ཏུ་ཞི་རྒོལ་གྱི་དོན་རྐྱེན་བྱུང་དང་བྱུང་བཞིན་པའི་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་རྒྱ་ནག་ནང་ཐེངས་གཉིས་ཕེབས་ནས་རྒྱལ་ས་པེ་ཅིང་ནང་འབྲེལ་ཡོད་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་དང་འབྲེལ་མོལ་གནང་ཡོད་པ་རེད་ རྒྱ་རི་རིན་པོ་ཆེ་མཆོག་གིས་བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ཟིང་ཆ་བྱུང་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་ངོས་ནས་བོད་ནང་དཀའ་རྙོག་གང་ཡང་མེད་པ་དང་ བོད་ནང་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་སྟབས་ བོད་མི་རྣམས་ཀྱིས་བཀྲིན་བསམ་ཤེས་བྱེད་ཀྱི་ཡོད་པའི་ལངས་ཕྱོགས་འཛིན་གྱི་ཡོད་པ་དང་ ངོ་རྒོལ་རྔམ་སྟོན་ཁག་བྱུང་ཚེ་རྒྱ་ནག་དམར་པོའི་གཞུང་གིས་ཡུལ་ཁྲིམས་ལ་ཉེན་ཁ་བཟོ་མཁན་དུ་རྩིས་ནས་དྲག་གནོན་བྱེད་ཀྱི་ཡོད་རུང་ དེས་བོད་ཀྱི་གནད་དོན་སེལ་རྒྱུ་མིན་པར་མ་ཟད་ དྲག་གནོན་ག་ཚོད་ཆེ་བ་བྱས་པ་དེ་ཙམ་གྱིས་འཁོན་འཛིན་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་ཁོང་རྒྱ་ནག་ནང་ཕེབས་སྐབས་ རྒྱ་མིའི་འབྲེལ་ཡོད་དཔོན་རིགས་ཚོར་གསུངས་པ་ཡིན་ཞེས་ཨེན་པི་ཨར་ཞེས་ཨ་མི་རི་ཀའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པ་ སི་ཀྲིལྦ་ཨིན་སི་ཀིབ་ ལ་གསུངས་འདུག ཡང་རྒྱ་རི་རིན་པོ་ཆེ་མཆོག་གིས་བོད་མིའི་ཐོག་དྲག་གནོན་བྱ་རྒྱུའི་ཚབ་ལ་ ༸གོང་ས་མཆོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པའི་དགོངས་གཞི་འདོན་གནང་མཛད་པ་དེ་ རྒྱ་མིས་ཁས་ལེན་ཞུ་དགོས་པའི་འབོད་སྐུལ་གནང་བ་ཡིན་ཞེས་དང་ གལ་ཏེ་རྒྱ་གཞུང་གིས་བོད་མི་རྣམས་ལ་ཆེ་མཐོང་དང་ལྡན་པའི་སྒོ་ནས་གནས་རྒྱུ་གོ་སྐབས་སྤྲོད་ཚེ་ རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་བྱེད་མུས་དེ་ཁྲིམས་མཐུན་བཟོ་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ལུགས་ཀྱང་གསུངས་འདུག ཡང་ཁོང་ནས་༸གོང་ས་མཆོག་གིས་བོད་རང་བཙན་རྩོད་ལེན་གནང་གི་མེད་པ་མ་ཟད་ པེ་ཅིང་ཨོ་ལིམ་པིག་ལ་རྒྱབ་སྐྱོར་མ་གཏོགས་ངོ་རྒོལ་གནང་གི་མེད་ན་ཡང་ བོད་ནང་དང་རྒྱལ་སྤྱིའི་ནང་ངོ་རྒོལ་རྔམ་སྟོན་བྱུང་བ་ཁག་ལ་རྒྱ་གཞུང་བློ་བདེ་པོ་མ་བྱུང་བར་ ༸གོང་ས་མཆོག་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་གནོད་སྐྱོན་གཏང་ཐབས་བྱེད་མཁན་ལ་ངོ་རྒོལ་གནང་དགོས་པའི་དགོས་འདུན་སྟོན་སྐོར་གསུངས་འདུག འདི་ལོའི་ཕྱི་ཟླ་༡༠པའི་ནང་བོད་རྒྱ་འབྲེལ་མོལ་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་སྟབས་ རྒྱ་རི་རིན་པོ་ཆེ་མཆོག་ནས་འབྲེལ་མོལ་དེ་གལ་ཆེར་རྩིས་གནང་གི་ཡོད་པ་དང་ དེ་ནི་དང་པོ་རྒྱལ་སྤྱིིའི་གནོན་ཤུགས་ལ་བརྟེན་ནས་མ་ཡིན་པར་ རྒྱ་ནག་རང་ཉིད་ནས་འབྲེལ་མོལ་གནང་ཐུབ་པ་དང་ ཨོ་ལིམ་པིག་ཁོ་ནའི་ཆེད་མིན་པར་ རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་ལ་དོ་ནན་པོ་བྱེད་ཀྱི་ཡོད་པའི་ར་སྤྲོད་གནང་རྒྱུའི་གོ་སྐབས་ཡིན་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎