མང་ར་རྫོང་དུ་དམག་མི་ཁ་སྣོན་འགྲེམས་འཇོག་བྱས་ཡོད་པ།
2009.03.09
༄༅༎ལོ་སྔོན་མའི་ནང་བོད་ཀྱི་ས་ཁུལ་གང་སར་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་འོག་ཚེ་སྲོག་ཤོར་བ་དང་བཙོན་བཅུག་བྱས་པ་དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ལ་མྱ་ངན་དང་གདུང་སེམས་མཉམབསྐྱེད་བྱེད་ཆེད་ད་ལོའི་བོད་ས་གླང་ལོའི་ལོ་གསར་གྱི་སྐབས་གཞིས་བྱེད་བོད་མི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་ནམ་རྒྱུན་བཞིན་སྤྲོ་སྐྱིད་མི་གཏོང་བའི་ཐག་གཅོད་གནང་ཡོད་པ་ལྟར་ད་ལོའི་བོད་ལུགས་ཀྱི་ལོ་གསར་ཉིན་མོར་མདོ་སྨད་མཚོ་སྔོན་པོའི་ཁོངས་གཏོགས་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོའི་ཀླུ་ཚང་དགོན་པ་ནས་མང་ར་རྫོང་སྲིད་གཞུང་གི་བལྟེ་གནས་བར་དུ་ཞི་བའི་མར་མེའི་གོམ་བགྲོད་བྱས་ཏེ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཚལ་བསྟན་ཡོད་པ་དང་འོན་ཀྱང་གོང་ཞུས་ཞི་བའི་ལས་འགུལ་དེ་སྤེལ་བའི་རྗེས་སུ་རྒྱ་ནག་གཞུང་གིས་ཀླུ་ཚང་དགོན་པའི་དགེ་འདུན་པ་༡༩༠ལྷག་ཙམ་ཞིག་མིང་ཐོ་ལྟར་རེ་རེ་བཞིན་ཀློག་ནས་དུས་ཡུན་ཆུ་ཚོད་ཉི་ཤུ་རྩ་བཞི་ཙམ་གྱི་རིང་བཀག་ཉར་བྱས་ཡོད་པ་མ་ཟད་བཀག་ཉར་སྐབས་དགེ་འདུན་པ་བདུན་ཅུ་ཡས་མས་ལ་རྡུང་རྡེག་བཏང་བའི་ཐོག་ནས་ཚ་འདྲི་དྲག་པོ་བྱས་ཡོད་པ་རེད།
གནས་ཚུལ་ཐོན་གསལ་ལ་གཞིགས་ན་གོང་ཞུས་དགེ་འདུན་པ་དེ་དག་བཀག་ཉར་དང་བཅར་འདྲི་བྱེད་མཁན་རྣམས་ས་གནས་མང་ར་རྫོང་གི་ཉེན་རྟོག་མི་སྣ་ཡིན་པ་དང་སྐབས་དེར་ཉེན་རྟོག་པས་དགེ་འདུན་པ་ཚོར་སློབ་སྦྱོང་སྤྲོད་དགོས་སྐོར་ཙམ་བཤད་པ་ལས་སློབ་སྦྱོང་གི་ངོ་བོ་ག་རེ་ཡིན་མིན་དང་དུས་ཡུན་ཇི་ཙམ་ཡིན་མིན་དེ་བཞིན་ས་གནས་གང་དུ་འགྲོ་དགོས་ཀྱི་ཡོད་མིན་སོགས་གསལ་བཤད་རྩ་བ་ནས་བྱས་མི་འདུག་ཅིང་ཡང་ད་ལྟ་མང་ར་རྫོང་དུ་དམག་མི་ཁ་སྣོན་འགྲེམས་འཇོགས་ཀྱིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག།