ཐེ་ཝན་སྲིད་འཛིན་གྱིས་ཚོགས་གཙོ་ནས་རྩ་དགོངས་ཞུས་བ།
2014.12.03
མཱ་ཡིང་ཇོ་ཡིས་གོ་མིན་ཏང་ཚོགས་པའི་ཚོགས་གཙོའི་ལས་ཁུར་ནས་རྩ་དགོངས་ཞུས་བ་དང་བློན་ཆེན་ལྷན་ཚོགས་ལ་བསྐྱར་བསྒྲིགས་བཏང་ཡོད་འདུག
དེ་ཡང་རེས་གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་རྒྱལ་ས་ཏ་ཨི་པི་ཐེ་བས་ས་གནས་ཀྱི་སྤྱི་ཁྱབ་འོས་བསྡུའི་ནང་གཞུང་འཛིན་གོ་མིན་ཏང་ཚོགས་པར་འོས་བསྡུའི་ས་དམིགས་དགུ་ཕམ་ཉེས་བྱུང་ཡོད་པ་དང་། ཆབས་ཅིག་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པར་ས་དམིགས་བདུན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ma Ying-Jeouནས་འོས་བསྡུ་ཕམ་ཉེས་ཀྱི་འགན་འཁྲི་ངོས་ལེན་ཞུས་པའི་ཐོག་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ལས་ཁུར་ནས་རྩ་དགོངས་ཞུས་འདུག་པ་དང་། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་Wu Den-Yihབར་བརྒལ་གྱི་ཚོགས་གཙོར་བསྐོ་བཞག་བྱ་གཏན་འཁེལ་ཡོད་འདུག་ལ་དེ་བཞིན་སྲིད་བློན་གཞོན་པ་Ma Chi-Kuo སྲིད་བློན་དུ་བསྐོ་བཞག་བྱ་རྒྱའི་གསལ་བསྒྲགས་བྱས་འདུག
གནས་ཚུལ་ནང་གསལ་ལྟར་ན། གཞུང་འཛིན་གོ་མིན་ཏང་ཚོགས་པར་འོས་བསྡུ་ཕམ་ཉེས་དང་། ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་Ma Ying-Jeouགིས་དབུ་འཁྲིད་པའི་གཞུང་འཛིན་ཚོགས་པས་རྒྱ་ནག་སྐམ་ས་ཆེན་མོ་དང་ཚོང་འབྲེལ་གཙོ་བོར་གྱུར་བའི་འབྲེལ་ཐག་ཉེ་པོའི་སྲིད་བྱུས་ལ་མང་ཚོགས་ཀྱིས་མི་འདོད་པའི་རྣམ་པ་གསལ་འདོན་མཚོན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་འདུག སྲིད་འཛིན་Ma Ying-Jeouགིས་འདས་པའི་ལོ་དྲུག་རིང་གི་ལས་དུས་རིང་རྒྱ་ནག་དང་ཐེ་ཝན་དབར་ཚོང་འབྲེལ་དང་། འགྲིམ་འགྲུལ། དེ་བཞིན་རྒྱལ་ཁབ་ཕན་ཚུན་ནང་མ་རྩ་འཛུགས་ཕྱོགས་ཀྱི་གན་རྒྱ་ཁག་༢༡ཙམ་གྱི་གྲོས་མཐུན་བཞག་སྟེ་ཐེ་ཝན་གྱི་ཕྱི་ཚོང་ཡར་རྒྱས་ཆེན་པོ་བྱུང་ཡོད་ནའང་འབྲེལ་ཐག་ཉེ་པོའི་སྲིད་བྱུས་དེ་དག་གིས་ཐེ་ཝན་ནང་རྒྱ་ནག་སྐམ་ས་ཆེན་པོའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བའི་གནད་དོན་ལ་མང་ཚོགས་ཁྲོད་ནས་བློ་དོགས་ཀྱི་རྣམ་འགྱུར་ཡང་ཡང་ཐོན་བཞིན་ཡོད་པའི་སྐོར་གནས་ཚུལ་ནང་གསལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།