རྨ་ཆུ་རྫོང་གི་ཉེན་རྟོག་འགན་འཛིན་ལས་གནས་ནས་ཕྱིར་ཕུད།
2010.03.20
༄༅༎བཞུགས་སྒར་རྡ་རམ་ས་ལ་ནས་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་བཏང་གནང་བའི་གནས་ཚུལ་ལྟར་ན་མདོ་སྨད་རྨ་ཆུ་རྫོང་ནང་ཟླ་བ་འདིའི་ཚེས་༡༤ཉིན་ཁུལ་དེའི་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བརྩམས་པའི་ཉེར་ལེན་ལ་བརྟེན་ནས་ཟླ་བ་འདིའི་ཚེས་༡༨ཉིན་རྨ་ཆུ་རྫོང་གི་འབྲིང་རིམ་སློབ་གྲའི་སློབ་སྤྱི་གཙོ་བོ་སྐྱབས་ཆེན་བདེ་གྲོལ་དང་སློབ་སྤྱི་གཞོན་པ་རྡོ་རྗེ་ཚེ་བརྟན་ཞུ་བ་དང་དེ་བཞིན་ཕ་ཡུལ་ཀླུ་ཆུ་ནས་ཡིན་པའི་འགན་ཡོད་དགེ་རྒན་ཞིག་བཅས་ལ་སློབ་་གྲའི་གཞི་རྩའི་ལས་འགན་དང་སློབ་གསོ་སྤྲོད་རྒྱུ་འཐུས་ཤོར་བཏང་བར་བསྙད་དེ་ཁོང་ཚོ་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་རེད་
དེ་བཞིན་རྨ་ཆུ་རྫོང་ནང་ཟླ་བ་འདིའི་ཚེས་༡༤ཉིན་ཁུལ་དེའི་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བརྩམས་སྐབས་སློབ་གྲའི་དབུ་འཛིན་དགེ་ལས་དང་སློབ་ཕྲུག་བཅས་པ་འཛིན་བཟུང་དང་དམ་བསྒྲགས་ བཙོན་འཇུག་མ་བྱས་པར་བརྟེན་རྨ་ཆུ་རྫོང་གི་ཉེན་རྟོག་ལས་ཁང་གི་བོད་རིགས་འགན་འཛིན་བསོད་ཚེ་དང་རྨ་ཆུ་རྫོང་གི་རྒྱ་ནག་གི་དྲག་པོའི་དཔུང་དམག་གི་འགན་འཛིན་གཉིས་ཡང་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་རེད་ དེ་བཞིན་རྨ་ཆུ་རྫོང་གི་སློབ་གྲ་འབྲིང་བའི་དགེ་རྒན་༨ལ་ཡང་ཁོང་ཚོས་སློབ་ཕྲུག་ཚོར་སློབ་གསོ་དང་བདག་སྐྱོང་བྱ་རྒྱུའི་ནུས་པ་མ་འདང་བའི་ཉེས་འཛུགས་འོག་དགེ་རྒན་གྱི་ལས་གནས་ནས་རྦད་དེ་གཏན་འཇགས་ཕྱིར་འབུད་གཏོང་འཆར་ཡོད་པ་རེད།།