ཨ་རིའི་གཞུང་ནས་བོད་ཀྱི་གནད་དོན་གལ་ཆེར་རྩིས་དགོས།
2010.07.28
༄༅༎ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཀྲོམ་ལེན་ཀྲོ་སི་དམ་པ་དེ་ཉིད་ཀྱི་མཚན་ཐོག་ཡོད་པའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཟུང་བྲེལ་ཚོགས་གཙོ་ཕེ་རེང་ལྦུལྥ་ཡིས་ཉེ་ཆར་ཕྱི་ཚེས་༢༣ཉིན་གྲོས་ཚོགས་སར་གལ་ཆེའི་གསུངས་བཤད་ཅིག་གནང་བའི་སྐབས། ཨོ་སྦ་མའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་བཀའ་མོལ་ངེས་པར་གསུངས་དགོས་རྒྱུའི་འབོད་སྐུལ་གནང་འདུག།
སྐུ་ཞབས་ཕེ་རེང་ལྦུལྥ་ཡིས་གྲོས་ཚོགས་ལ། ད་ལྟའི་སྐབས་འདིར་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ལས་ཁང་ནང་ལས་བྱེད་ཀྱི་གྲངས་ཚད་ལོངས་ཀྱི་མེད་པ་གསལ་བཏོན་གནང་སྟེ། ༢༠༠༢ལོའི་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང༌། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལས་ཁང་ནང་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་མ་ཐེ་པའི་ལས་བྱེད་ངོ་མ་གསུམ་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བཞག།
དེ་བཞིན་སྐུ་ཞབས་ཕེ་རེང་ལྦུལྥ་ཡིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་ཕྱི་ཟླ་༣ཚེས་༣༡ཉིན་གྲོས་ཚོགས་ཀྱི་དགོས་འདུན་གཞིར་བཟུང་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་ཀྱི་ཡོད་ནའང༌། ལོ་འདིའི་སྙན་ཐོ་འགྲེམས་སྤེལ་གནང་རྒྱུར་འགོར་འགྱངས་བྱུང་ཡོད་པའི་གནས་ལུགས་གྲོས་ཚོགས་ལ་ཞུས་གནང་སྟེ། སྲིད་འཛིན་ཨོ་སྦ་མའི་སྲིད་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་དེ་གལ་ཆེ་དོན་ཆེན་ཞིག་ལ་རྩིས་གནང་དགོས་རྒྱུའི་རེ་སྐུལ་གནང་འདུག།
ཡང་སྐུ་ཞབས་ལྦུལྥ་ཡིས་ཨ་མི་རི་ཀས་འཛམ་གླིང་ཡུལ་ཁག་མང་པོ་ཞིག་དང་ཕྱི་འབྲེལ་གྱི་འབྲེལ་ལམ་གནང་བའི་སྐབས་གནད་དོན་མང་པོ་ཞིག་ལ་གཟིགས་དགོས་ཀྱི་ཡོད་སྟབས། ཨ་མི་རི་ཀས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་མི་དམངས་ལ་རོགས་ཕན་གནང་མ་ཐུབ་ཚེ། རང་དབང་རྩོད་ལེན་བྱེད་མཁན་འཛམ་གླིང་མི་དམངས་ས་ཡ་མང་པོ་མུན་ནག་ནང་ལྷུང་རྒྱུ་ཡིན་སྐོར་གསུངས་ཏེ། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བར་སྟོང་དེ་སྐོང་ཐུབ་པ་གནང་དགོས་རྒྱུའི་དྲན་བསྐུལ་ཞུས་གནང་འདུག།