བླ་བྲང་དགོན་པས་ཉམས་གསོའི་ཆེད་རྒྱ་གཞུང་ལ་རེ་སྐུལ་ཞུས་པ།
2011.03.23
༄༅༎དུས་རབས་༡༨པའི་ནང་ཕྱག་བཏབ་པའི་མདོ་སྨད་བླ་བྲང་དགོན་པས་ རྒྱ་ནག་གཞུང་ལ་དགོན་པ་ཉམས་བཟོའི་ཆེད་རོགས་རམ་འབོད་སྐུལ་གནང་ཡོད་སྐོར་ས་གནས་དཔོན་རིགས་ཅིག་གིས་དེ་རིང་བརྗོད་འདུག།
ཀན་སུ་ཞིང་ཆེན་གྱི་ བསང་ཆུ་རྗོང་གི་རི་ཁུལ་ས་གནས་སུ་ཆགས་པའི་བླ་བྲང་དགོན་པར་བོད་ཀྱི་རྩ་ཆེའི་ནང་རྟེན་མང་པོ་མཇལ་རྒྱུ་ཡོད་པ་དང༌། གནའ་བོའི་སྒྱུ་རྩལ་གྱི་བཟོ་བཀོད་ཀྱང་མཇལ་རྒྱུ་ཡོད་པ་རེད།
བསང་ཆུ་རྫོང་གི་རིག་གཞུང་དང་རྩེད་རིགས་ཚན་པའི་འགན་འཛིན་ནན་ཅེ་ཡིས་ཤིན་ཧ་གསར་ལས་ཁང་ལ། བླ་བྲང་དགོན་པའི་སྤྲུལ་སྐུ་འཇམ་དབྱངས་ཀྱི་བཞུགས་གནས་ཤག་དང༌། འདུ་ཁང་དང་ཚོམ་ཆེན་ལྔ་ཉམས་གསོ་དང་ཡར་རྒྱས་གཏོང་རྒྱུའི་དོན་དུ་རྒྱ་ནག་རྒྱལ་ཁབ་གནའ་ཤུལ་རིག་གཞུང་འཛིན་སྐྱོང་ཁང་ལ་
དཔལ་འབྱོར་གྱི་རོགས་རམ་འབོད་སྐུལ་སྙན་ཞུ་སྤྲད་ཡོད་སྐོར་བརྗོད་དེ། ལོ་འདིའི་ནང་དགོན་པ་ཉམས་བཟོའི་ལས་དོན་འགོ་འཛུགས་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་ལས། འཆར་གཞི་དེར་དངུལ་ཇི་ཙམ་གནས་མིན་གྱི་ཁ་གྲངས་གསལ་བཏོན་བྱས་མི་འདུག།
མདོ་སྨད་བླ་བྲང་དགོན་པའི་ནང་དགེ་འདུན་པ་ཞལ་གྲངས་ཆིག་སྟོང་ཙམ་ཞིག་ཡོད་པ་དང༌། དགོན་པ་དེ་༡༧༠༩ལོར་ཕྱག་བཏབ་པ་ཞིག་རེད་ལ། ད་ལྟའི་ཆར་ཀན་སུ་ཞིང་ཆེན་ཁྱབ་ཁོངས་ཀན་ལྷོ་བོད་རིག་རང་སྐྱོང་ས་ཁུལ་ནང་གནས་སྡོད་བྱེད་མཁན་བོད་མི་འབུམ་གསུམ་དང་བཞི་ཁྲི་ལྷག་ཙམ་གྱིས་དད་གུས་ཆེན་པོ་ཞུ་སའི་ཆོས་ཕྱོགས་ཀྱི་ལྟེ་གནས་གལ་ཆེ་ཞིག་ཡིན་པ་རེད།