རྒྱ་ནག་སློབ་གྲའི་ནང་རྒོལ་རྡུང་གཏོང་མཁན་སྲོག་ཐོག་བཏང་།
2010.05.30
༄༅༎ཉེ་ཆར་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་ཤར་ཕྱོགས་ཅིའང་སུའུ་ཞིང་ཆེན་ནང་གི་སྔོན་འགྲོའི་སློབ་གྲ་ཞིག་གི་སློབ་མ་༢༩དང་དགེ་རྒན་གསུམ་ཐོག་རྒོལ་རྡུང་གཏོང་མཁན་གྱི་མི་དེ་དེ་རིང་སྔ་དྲོ་སྲོག་ཐོག་བཏང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ་གནས་ཚུལ་བཀོད་པར་གཞིགས་ན། ལོ་ན་༤༧ཡིན་པའི་ཤུའུ་ཡུ་ཡོན་དེ་རིང་སྔ་དྲོའི་ཚོུད་༩ དང་སྐར་མ་༣༩སྟེང་ཅིའང་སུའུ་ཞིང་ཆེན་གྱི་ཐའེ་ཀྲུའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྲོག་ཐོག་བཏང་བ་དང༌། མི་དེའི་ནག་ཉེས་ནི་ཟླ་བ་བཞི་པའི་ཚེས་༢༩ཉིན་ཅིའང་སུའུ་ཞིང་ཆེན་གྱི་ཐའེ་ཀྲུའུ་གྲོང་ཁྱེར་གྱི་ཀྲོང་ཤིན་སྔོན་འགྲོའི་སློབ་གྲའི་སློབ་མ་དང་དགེ་རྒན་བཅས་ཁྱོན་༣༢ ཐོག་རྒོལ་རྡུང་བཏང་བའི་ནང་ནས་བཞི་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་པ་རེད། ཐའེ་ཀྲུའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱི་ཟླ་ལྔ་པའི་ཚེས་༡༥ཉིན་ཤུའུ་ལ་ཉིན་ཕྱེད་ཀའི་ཁྲིམས་བཤེར་བྱེད་པའི་རིང་ཤུའུ་ཡིས་སློབ་ཆུང་ནང་རྒོལ་རྡུང་བཏང་བའི་དོན་རྐྱེན་དེ་ནི། ཚོང་ལས་ཀྱི་ལམ་འགྲོི་མ་རྒྱུགས་པ་དང་རྒྱན་རྩེད་ནང་དངུལ་ཚང་མ་ཤོར་ཏེ་འཚོ་གནས་བསྐྱར་གསོ་བྱེད་པར་དཀའ་ངལ་དུ་ལྷུངས་བར་བརྟེན་ནས་སེམས་ནད་ཞི་ཐབས་སུ་སྤྱི་ཚོགས་ཐོག་ཁོང་ཁྲོའི་རྒོལ་རྡུང་བཏང་བའི་ངོས་ལེན་བྱས་ལུགས་དང། འབྲིང་རིམ་ཁྲིམས་ཁང་ནས་ཁོང་ལ་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་པ་དེར་ཆེས་མཐོའི་ཁྲིམས་ཁང་ནས་དེར་མོས་མཐུན་བྱས་ལུགས་ཀྱི་གནས་ཚུལ་བཀོད་ཡོད་པ་རེད།