རྒྱ་ནག་ནས་ནང་འདྲེན་བྱས་པའི་བྱ་དེའི་ལྟོ་ཆས་ནང་རྫས་འགྱུར།
2008.11.29
༄༅༎ཕེ་རན་སིའི་ནང་རྒྱ་ནག་ནས་ནང་དྲེན་བྱས་པའི་སྲན་མའི་འབྲུ་རིགས་ཀྱིས་བཟོས་པའི་བྱ་དེའི་ལྟོ་ཆས་ཀྲོན་གསུམ་བརྒྱ་ལྷག་ཙམ་ནང་རྫས་འགྱུར་རིགས་ཡོད་པ་ཤེས་རྟོགས་བྱུང་སྟེ་གཟའ་པ་སངས་ཉིན་ཚོང་ཁང་ཁག་ནས་ཚོང་འདྲེམས་བྱ་རྒྱུ་མཚམས་འཇོགས་བྱས་ཡོད་པ་དངོས་ཟོག་དེ་རིགས་ཕེ་རན་སིར་ནང་འདྲེན་བྱེད་མཁན་གྱི་ཁེ་ལས་ཚོང་དོན་ཁང་གིས་འགྲེལ་བརྗོད་བྱས་འདུག
ཕེ་རན་སི་ནང་རྒྱ་ནག་ནས་སེམས་ཅན་བྱ་རིགས་ཀྱི་ལྟོ་ཆས་རིགས་ནང་འདྲེན་བྱེད་མཁན་གྱི་ཁེ་ལས་ཁང་ཁག་གསུམ་ཙམ་ཡོད་པའི་ནང་ནས་ད་ལྟའི་ཆར་ཁེ་ལས་ཚོང་དོན་ཁང་གཅིག་གིས་ནང་འདྲེན་བྱས་པའི་བྱ་རིགས་ཀྱི་ལྟོ་ཆས་ནང་རྫས་འགྱུར་རིགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་དངོས་ཟོག་དེ་རིགས་ཕེ་རན་སིའི་ཚོང་ཁང་ཁག་ནང་ནས་ཕྱིར་ཚོང་བྱ་རྒྱུ་ཕྱི་ཟླ་བཅུ་གཅིག་པའི་ཟླ་སྟོད་ནས་འགོ་བཙུགས་ཟིན་ཡོད་པ་ཕེ་རན་སིའི་ཞིང་ལས་མཉམ་འབྲེལ་ཚོགས་པའི་འགན་འཛིན་གྱིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་ཡོད་འདུག དེང་སྐབས་ཕེ་རན་སིའི་ནང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་དངོས་ཟོག་དང་ལྷག་པར་དུ་བཟའ་ཆས་ཚད་ལྡན་མེད་པའི་གནས་ཚུལ་མང་དག་ཐོན་བཞིན་པར་བརྟེན་ནས་ཕེ་རན་སིའི་འཕྲོད་བསྟེན་བློན་ཆེན་ནས་གཟའ་ལྷག་པའི་ཉིན་འཕྲོད་བསྟེན་བདེ་འཇགས་སྐོར་ལ་དམིགས་བསལ་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་དང་དེའི་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེ་རན་སིའི་ནང་ནང་འདྲེན་བྱ་རྒྱུའི་དངོས་ཟོག་དང་བཟའ་ཆས་ཐོག་བདེ་འཇགས་གནད་དོན་སྐོར་ལ་བཀའ་བསྡུར་གནང་རྒྱུ་ཡིན་ཞིང་ལྷག་པར་དུ་རྒྱ་ནག་ནས་ཕེ་རན་སིའི་ནང་ནང་འདྲེན་བྱ་རྒྱུའི་དངོས་ཟོག་ཐོག་དེ་བས་བདེ་འཇགས་ཡིད་ཟབ་གནང་རྒྱུའི་སྐོར་གླེང་འཆར་ཡོད་པ་རེད།།