སོག་ཡུལ་གྱི་མི་དམངས་ཀྱིས་མང་གཙོའི་འོས་ཤོག་བླུགས་པ།
2016.06.29
དེ་རིང་སོག་པོ་རྒྱལ་ཡོངས་ནང་མི་མང་གིས་འོས་ཤོག་བླུགས་ཡོད་པ་དང་། ད་རེས་ཀྱི་འོས་བསྡུའི་ནང་གཙོ་བོ་གཞུང་འཛིན་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་སོག་པོའི་མི་མང་གི་ཚོགས་པ་གཉིས་ནས་གཅིག་འདེམས་རྒྱུའི་འོས་ཤོག་འཕངས་འདུག
ར་ཤི་ཡ་དང་དམར་པོའི་རྒྱལ་ཁབ་རྒྱ་ནག་གཉིས་དབར་གནས་པའི་སོག་ཡུལ་གྱིས་རང་གི་མང་གཙོའི་ལམ་ལུགས་ལ་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། འོས་ཤོག་འཕེན་མཁན་མི་མང་ཚོས་གཞུང་གིས་འཛིན་སྐྱོང་ཡག་པོ་མ་བྱས་པ་དང་། ཡུལ་དེའི་དཔལ་འབྱོར་གྱི་གནས་སྟངས་ཞན་དུ་འགྲོ་བཞིན་པར་བློ་ཕམ་དང་ཡིད་ཐང་ཆད་པའི་བསམ་ཚུལ་བཏོན་གྱི་ཡོད་པ་མ་ཟད། མི་མང་མང་པོ་ཞིག་གིས་ཕྱི་ལོ་༢༠༠༨་ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་དྲང་པོ་མ་བྱས་པའི་སྐྱོན་བརྗོད་བྱེད་མཁན་བྱུང་བའི་རྗེས་སུ་ཟིང་ཆ་བྱུང་བ་དེ་ཡང་བསྐྱར་ཡོང་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་འདུག
སོག་ཡུལ་གྱི་མང་གཙོ་ཚོགས་པ་དང་སོག་པོའི་མི་མང་ཚོགས་པ་གཉིས་ཀས་ཡུལ་དེའི་རང་བྱུང་ཐོན་ཁུངས་བེད་སྤྱོད་བཏང་སྟེ། དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་སྐོར་ལས་འགུལ་ཤུགས་ཆེ་སྤེལ་ན་ཡང་མི་མང་གིས་སེམས་འཚབ་ཆེན་པོ་བྱ་སའི་གནད་དོན་དཔེར་ན་ཡུལ་དེའི་ཤེས་ཡོན་ལམ་ལུགས་དང་། འཕྲོད་བསྟེན་ལམ་ལུགས་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་སྐོར་དོན་ཕན་ལྡན་པའི་གྲོས་འགོ་བཏོན་མིན་འདུག
ལྷོ་གྷོ་བྷི་ཞིང་ཆེན་གྱི་རྒྱལ་ས་Mandlgovi་འི་ནང་འོས་ཤོག་འཕེན་མཁན་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པ་Shateriin་ཡིས། གོང་ཞུས་སྲིད་དོན་ཚོགས་པ་གཉིས་ཀའི་འོས་མི་མ་ཡིན་པ་ལོ་ན་ཆུང་ལ་རྣམ་དཔྱོད་ལྡན་པའི་རང་དབང་ཅན་གྱི་འོས་མི་ཞིག་ལ་འོས་ཤོག་འཕངས་བ་དང་། གཞུང་འཛིན་གསར་པ་དེས་མི་མང་ལ་རོགས་དངུལ་སྤྲོད་རྒྱུ་ཙམ་མ་ཡིན་པར་མི་མང་ལ་ལས་ཀ་གསར་པ་བཟོ་བསྐྲུན་ལ་དོ་སྣང་བྱེད་མཁན་ཞིག་དགོས་ཀྱི་ཡོད་སྐོར་ཕ་རན་སིའི་གསར་ལས་ཁང་ལ་བརྗོད་འདུག
ཡང་Jargal་ཟེར་བའི་མི་ཞིག་གིས་མང་གཙོ་ཚོགས་པར་འོས་ཤོག་འཕངས་སྐོར་བརྗོད་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།