བོད་དཀར་མཛེས་ཁུལ་དུ་བོད་མི་གཉིས་འཛིན་བཟུང༌།
2009.04.03
༄༅༎བོད་མདོ་སྨད་ཁམས་དཀར་མཛེས་ཁུལ་དུ་ཞི་བའི་ངོ་རྒོལ་སྤེལ་མཁན་བོད་མི་གཉིས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཚེས་གསུམ་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་ཁམས་དཀར་མཛེས་ས་ཁུལ་ནང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ཉིན་དགུང་གྲངས་ཉི་ཤུ་རྩ་དྲུག་ལ་ཕེབས་པའི་པད་མ་དབྱངས་མཚོ་ལགས་དང་བཙུན་མ་ཉི་མ་དགེ་བཤེས་ལགས་ཀྱིས་བོད་རང་བཙན་གྱི་སྐད་འབོད་བྱས་པའི་ཉེས་བཙུགས་ཐོག་ནས་རྒྱ་ནག་གསང་བའི་ལས་ཁང་གིས་མི་སྣས་དགོན་པ་ནས་འཛིན་བཟུང་བྱས་ཡོད་པ་དང་ད་ལྟའི་ཆར་ཁོང་གཉིས་ག་པར་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོག་གསལ་པོ་མེད་ཅིང་དེ་མིན་ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་རྒྱ་ནག་ཉེན་རྟོག་མི་སྣས་ཁམས་དཀར་མཛེས་ཁུལ་ནས་འཇུ་བཟུང་བྱས་པའི་བོད་མི་བློ་བཟང་འགྱུར་མེད་ལགས་ཀྱིས་བོད་རང་བཙན་དང་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་གནང་བཅུག་དགོས་པའི་སྐད་འབོད་རྒྱབ་པར་ཉེས་བཙུགས་ཀྱིས་དོ་དམ་བཀག་ཉར་བྱས་ཡོད་པ་རེད།
བོད་མི་ཚེ་རིང་འགྱུར་མེད་ལགས་ཀྱི་ཁྱིམ་ཚང་དུ་བཟའ་ཟླ་དང་ཕྲུ་གུ་གསུམ་དེ་བཞིན་སྐྱེས་མ་རྒས་མོ་ཞིག་བཅས་ལས་དེ་མིན་གྱི་ངལ་རྩོལ་ནུས་པ་ཡོད་པའི་མི་མེད་པ་དང་ཁོང་ཡང་ག་པར་དོ་དམ་བཀག་ཉར་བྱས་ཡོད་མེད་སུས་ཀྱང་ཤེས་རྟོག་གསལ་པོ་མེད་པ་རེད་འདུག དེ་དང་འབྲེལ་རྒྱ་ནག་གཞུང་གིས་ཁམས་ཀྱི་ས་ཁུལ་ཁག་ནང་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ནས་ས་གནས་དེ་ཚོའི་ནང་གནས་སྡོད་བྱེད་མཁན་ཚོའི་རྒྱུན་ལྡན་གྱི་འཚོ་བར་ཧ་ཅང་སྟབས་མི་བདེ་བ་བཟོ་བཞིན་ཡོད་པ་མ་ཟད་ལྷག་པར་དུ་སློབ་གྲྭ་ཁག་རྒྱུན་ལྡན་བཞིན་ཚོགས་རྒྱུར་ཡང་དཀའ་ངལ་ཆེན་པོ་བཟོ་གི་ཡོད་པ་རེད།