དབྱིན་ཇིའི་གྲོས་ཚོགས་ནས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།
2012.02.11
༄༅༎དབྱིན་ཇིའི་གྲོས་ཚོགས་ཀྱིས་ཉེ་ལམ་རྒྱ་གཞུང་གིས་གོ་མཚོན་གང་ཡང་མེད་པའི་བོད་མི་ངོ་རྒོལ་བྱེད་མཁན་ཐོག་ཁྲིམས་འགལ་གྱིས་མེ་མདའ་རྒྱབ་པར་སྐྱོན་བརྗོད་དང་སྲིད་བློན་ཌེ་ལྦིདྲ་ཀེ་མེ་རོན་མཆོག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇི་ཞན་ཇི་སྡུག་ཏུ་འགྲོ་བཞིན་པར་སྐྱོན་བརྗོད་ཀྱི་སྤྱི་བསྒྲགས་ཤིག་སྤེལ་དགོས་སྐོར་གནས་ཚུལ་བྱུང་ཡོད་པ་རེད། དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་ཚེ་སྲོག་ཤོར་བའི་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་དང་དེ་བཞིན་རྒྱ་གཞུང་གི་དྲག་གནོན་མ་བཟོད་པར་རང་ལུས་མེར་བསྲེག་བཏང་གནང་ནས་ཚེ་སྲོག་ཤོར་བར་ཐུགས་ཕམ་ཡོད་པའི་སྐོར་གྲོས་ཆོད་དེའི་ནང་བཀོད་ཡོད་པ་རེད། དབྱིན་ཇིའི་གྲོས་ཚོགས་ནང་གྲོས་ཆོད་དེ་བཏོན་གནང་མཁན་གྲོས་ཚོགས་ཀྱི་བོད་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཕེ་སྦིཡེན་ཧེ་མིལ་ཊོན་ཡིས། རྒྱ་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་འདྲ་པོ་བཀོད་འདོམས་བྱས་པར་བོད་མིའི་འགྲུལ་བསྐྱོད་ཀྱི་རང་དབང་ཐོག་དམ་དྲག་དང་ཕྱིའི་ཡུལ་ཁག་གི་གསར་འགོད་པ་བོད་སའི་ནང་བསྐྱོད་མ་བཅུག་པ་དེར་བློ་འཚབ་ཤུགས་ཆེ་སྐྱེས་འོས་པའི་གནས་སྟངས་ཤིག་ཆགས་ཡོད་པའི་སྐོར་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་བཀོད་ཡོད་པ་རེད།
ཡང་གྲོས་ཆོད་དེའི་ནང་དབྱིན་ཇིའི་གཞུང་ངོས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ནས་བོད་ཀྱི་ས་ཁུངས་དྲག་པོའི་དཔུང་འཇུག་བྱས་པ་དེར་ཕྱིར་འཐེན་གྱིས་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བ་དེ་ཆུང་དུ་གཏང་དགོས་པ་མ་ཟད། བོད་ནང་གི་ད་ལྟའི་གནས་སྟངས་ཤེས་རྟོག་ཆེད་ཕྱི་རྒྱལ་གྱི་གསར་འགོད་པ་དང་རོགས་ཚོགས་ཁག་དེ་བཞིན་རང་དབང་ཅན་གྱི་རྟོག་ཞིབ་གནང་མཁན་རྣམས་རང་དབང་ཆ་ཚང་ལྡན་པའི་ཐོག་བསྐྱོད་བཅུག་དགོས་པའི་སྐོར་བཀོད་ཡོད་པ་རེད།།