དཔལ་དུས་ཀྱི་འཁོར་ལོའི་བགྲོ་གླེང་ཐེངས་དང་པོ་ཚོགས་བཞིན་འདུག
2018.05.14

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་བསྒྲིགས་འོག་དཔལ་དུས་ཀྱི་འཁོར་ལོའི་བགྲོ་གླེང་ཐེངས་དང་པོ་ཚོགས་བཞིན་འདུག
དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་བསྒྲིགས་འོག་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ། ཕྱི་ཟླ་ལྔ་བའི་ཚེས་༡༤ དང་ ༡༥ ཉིན་གྲངས་གཉིས་རིང་གྲྭ་ཚང་ནང་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་སྐོར་གྱི་བགྲོ་གླེང་ཐེངས་དང་པོ་དེ་གནང་བཞིན་པ་དང་། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་དུས་འཁོར་གྱི་ཆོ་ག་ཕྱག་ལེན་སྐོར་ཡིན་པ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག
རྣམ་རྒྱལ་གྲྭ་ཚང་ནི་རྒྱལ་དབང་༧སྐུ་ཕྲེང་ན་རིམ་གྱི་༧སྐུ་སྒེར་གྱི་དགོན་པ་དེ་ཡིན་ཞིང་། ༡༧༥༢ལོར་རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གིས་གྲྭ་ཚང་དེར་དུས་འཁོར་གྱི་ཆོ་ག་ཕྱག་ལེན་དང་འབྲེལ་ནས་འཆད་ཁྲིད་ཐོག་མར་གསར་འཛུགས་གནང་བ་ནས་བཟུང་དུས་ད་ལྟའི་བར་མ་ཉམས་པར་གནས་ཡོད་པ་དང་། དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་དང་བཅས་པ་ནི་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཞིག་ཡིན་པས། དེ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཆེད་ཞིབ་ཅིང་ཕྲ་བའི་ཐོག་ནས་རྒྱས་བཤད་དང་སློབ་ཁྲིད་ཀྱི་ཆེད་དུ་བགྲོ་གླེང་འདི་གོ་བསྒྲིགས་བྱས་པ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།
ད་ཐེངས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་བགྲོ་གླེང་ཐེངས་དང་པོ་འདིའི་ཐོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གི་དབུ་འཛིན་དང་སློབ་དཔོན་ཟུར་བ། དཔེ་ཁྲིད་དགེ་རྒན་རྣམ་པ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་པ། དགེ་བཤེས་རྣམ་པ་དང་གྲྭ་ཚང་གི་དགེ་འདུན་བཅས་ཀྱིས་བརྗོད་གཞི་ཆ་བགོས་ཐོག་བགྲོ་གླེང་གནང་བཞིན་ཡོད་འདུག
གསར་འགོད་པ་རྡོ་རྗེ་མཚོ།