བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་གནང་འདུག

དེ་ཡང་རོའུ་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཡོ་རོབ་གྱི་རྒྱལ་ཁབ་(Lithuania)་རྒྱལ་ས་(Vilnius)་ནང་ཚོགས་བཞིན་པའི་(NATO)་ཞེས་བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་སྒྲིག་འཛུགས་དེའི་ཚོགས་མི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་བཙན་ཤེད་ཅན་དང་ཞེ་འདོད་ཅན་གྱི་སྲིད་ཇུས་བཟུང་ནས། སྒྲིག་འཛུགས་དེའི་ཁེ་ཕན་དང་བདེ་འཇགས། དེ་བཞིན་ཆེ་མཐོང་ཁག་ལ་ཁ་གཏད་གཅོག་གི་ཡོད་སྐོར་ཕྱི་ཚེས་༡༡་རེས་གཟའ་མིག་དམར་ཉིན་བརྗོད་ཡོད་པ་དང་། (NATO)་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་ཟུང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་དང་དཔལ་འབྱོར། དམག་དོན་གྱི་ལག་ཆ་ཁག་གཞི་རྒྱ་ཆེན་པོའི་སྒོ་ནས་བཀོལ་སྤྱོད་བྱས་ནས་གོ་ལ་ཡོངས་ལ་རང་གི་རྐང་རྗེས་འཇོག་རྒྱུའི་ཐབས་ཤེས་བྱེད་ཤུགས་ཆེ་རུ་དང་ཇེ་མང་དུ་གཏོང་བཞིན་པ་དང་། དུས་མཚུངས་རང་གི་ཐབས་ཇུས་དང་འདུན་པ། དམག་དོན་རྒྱ་བསྐྱེད་གཏོང་བཞིན་པའི་དམིགས་ཡུལ་ཁག་ཕྱི་གསལ་ནང་གསལ་བཏོན་གྱི་མེད་སྐོར་དང་། རྒྱ་ནག་གི་ངོས་ནས་(NATO)་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་དམིགས་ཚད་བཟུང་ནས་ངན་སེམས་བཅིངས་ཞོར། དྲྭ་རྒྱ་བརྒྱུད་ནས་གསང་མྱུལ་བྱེད་པ་དང་། གནས་ཚུལ་ལོག་བཤད་བྱས་ནས་སྒྲིག་འཛུགས་དེའི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་ཡི་ཡོད་པ་བཀོད་འདུག
དེ་འབྲེལ་ཡོ་རོབ་ཁུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་གོང་ཞུས་བསྒྲགས་གཏམ་དེའི་ནང་དོན་ཁག་སྣང་མེད་བཏང་བ་དང་མཉམ། རྒྱ་ནག་གི་ལངས་ཕྱོགས་དང་སྲིད་ཇུས་ཁག་ལ་འཁྱོག་བཤད་བྱས་ཏེ་རྒྱ་ནག་ལ་ཆེད་དུ་མངགས་ནས་མིང་ཆད་ངན་པ་བཟོ་ཐབས་བྱས་ལུགས་བཤད་པ་མ་ཟད། (NATO)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་དམག་དོན་མཐུན་ཕྱོགས་རྒྱ་བསྐྱེད་གཏོང་ཐབས་གང་འདྲ་བྱས་ཀྱང་དེར་ངོ་རྒོལ་ཡོད་ལུགས་བཤད་འདུག
(NATO)་སྤྱི་ཁྱབ་དྲུང་ཆེ་(Jens Stoltenberg)་ཡིས་སྒྲིག་འཛུགས་དེའི་ཆེས་མཐོའི་ལྷན་ཚོགས་སྐབས་སུ། རྒྱ་ནག་ནི་བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་དགྲ་ཟླ་མིན་ན་ཡང་རྒྱ་ནག་གི་བཙན་ཤེད་ཆེ་བའི་སྤྱོད་ཚུལ་ཁག་གིས་ཁྲིམས་ལུགས་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་ལམ་སྲོལ་ལ་ཁ་གཏད་གཅོག་རྒྱུ་ཇེ་མང་དུ་གཏོང་བཞིན་ཡོད་སྐོར་གསུངས་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།