ལི་བི་ཡར་གནམ་ཐོག་ནས་རྒོལ་རྡུང་གཏོང་རྒྱུའི་འགན་དབང༌།
2011.03.31
༄༅།།ལི་སྦི་ཡའི་ཐོག་མཁའ་དབྱིངས་ནས་གནམ་དམག་གིས་རྒོལ་རྡུང་གཏོང་རྒྱུའི་ལས་གཞི་ད་རིང་ནས་བཟུང་བྱང་ཨེདྲ་ལན་དྲིག་ཆིངས་དོན་སྒྲིག་འཛུགས་ཀྱི་མཐུན་ཚོགས་ནས་འགན་ལེན་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
འདས་པའི་ཉིན་མ་འགའ་ཤས་གོང་ལི་སྦི་ཡའི་ཐོག་ཨ་མི་རི་ཀས་སྣེ་འཁྲིད་པས་ཕ་རན་སི་དང་།དབྱིན་ཡུལ་སོགས་ཡུ་རོབ་ཡུལ་གྲུ་ཁག་ཅིག་ནས་མཉམ་འབྲེལ་གྱི་ཐོག་ནས་གནམ་ཐོག་ནས་རྒོལ་རྡུང་བཏང་ཡོད་ཀྱང་དེ་རིང་རེས་གཟའ་ཕུར་བུ་ནས་བཟུང་ནེ་ཀྲོ་འམ་བྱང་ཨེདྲ་ལན་དྲིག་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཐོག་ནས་འགན་ལེན་རྒྱུ་ཡིན་ལུགས་ཚོགས་པའི་དྲུང་ཆེ་རས་མུ་སན་མཆོག་ནས་འགྲེལ་བརྗོད་གནང་འདུག ཁོང་གིས། བྱང་ཨེདྲ་ལན་དྲིག་མཐུན་ཕྱོགས་རྒྱལ་ཁབ་ཚོགས་པའི་ངོས་ནས་འགན་ལེན་རྒྱུ་དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་ཨང་༡༩༧༣གཞིར་བཟུང་རྒྱལ་སྤྱིའི་ནང་ཞི་བའི་མི་མང་ཚོའི་ཚེ་སྲོག་སྲུང་སྐྱོབ་བྱེད་རྒྱུའི་འགན་དེ་བྱང་ཨེདྲ་ལན་དྲིག་མཐུན་ཕྱོགས་ཚོགས་པར་ཡོད་པ་ལྟར་ལག་ལེན་འཁེལ་བ་ཞིག་ཡིན་ལུགས་གསུངས་འདུག
ད་བར་ཨ་རི་དང་ཕ་རན་སི་ དྲེན་མཀ་ ཁེ་ན་དྲ་བཅས་ནས་གནམ་ཐོག་ནས་ལི་བྷི་ཡའི་འགོ་འཁྲིད་མུཧ་མཏ་ག་ད་ཕིའི་ཐོག་གཏོར་རྒོལ་གཏོང་རྒྱུར་མཉམ་ཞུགས་བྱས་ཡོད་ཀྱང་བྱང་ཨེདྲ་ལན་དྲིག་སྒྲིག་འཛུགས་ཀྱི་ཁོངས་སུ་ཁ་ཆེའི་རྒྱལ་ཁབ་གཅིག་ཤོས་ཀྲར་ཀིའི་ཐོག་ནས་མཁའ་དབྱིངས་ནས་གཏོར་རྒོལ་གཏོང་རྒྱུར་ངོས་ལེན་བྱས་མེད་པ་དང་། དེ་བཞིན་འཇར་མི་ནི་ནས་ཀྱང་བར་བཞུགས་བསྡད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་དོན་གཞིར་བཟུང་ལག་ལེན་འཁེལ་གྱི་ཡོད་པའི་ཆ་ནས་སྒྲིག་འཛུགས་ཁོངས་སུ་མེད་པའི་ཁ་ཆེའི་རྒྱལ་ཁབ་ཁག་ནས་ཀྱང་མཉམ་ཞུགས་ཡོང་ཐབས་བྱེད་རྒྱུ་ཡིན་པ་རེད།