བོད་མིས་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ།
2008.08.08
༄༅༎དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་བྱེད་པའི་ཉིན་བལ་ཡུལ་ནང་གི་བོད་མི་ཚོས་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཐོངས་མཆན་ལག་འཁྱེར་ཞུ་ཡུལ་ལས་ཁུངས་མདུན་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བར་བལ་པོའི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་ཁ་ཐོར་བཏང་བ་མ་ཟད། བོད་མི་ཆིག་སྟོང་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་རེད།
ངོ་རྒོལ་ལས་འགུལ་དེའི་ནང་ལ་མཉམ་ཞུགས་གནང་མཁན་མང་པོ་ཞིག་བུད་མེད་ཡིན་ཞིང༌། ངོ་རྒོལ་ལས་འགུལ་སྤེལ་ཡུལ་རྒྱ་མིའི་ཐོངས་མཆན་ལག་འཁྱེར་ཞུ་ཡུལ་གྱི་ས་ཁུལ་དེ་ནི་བལ་པོའི་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་བཀག་འགོག་བྱེད་ཡུལ་གྱི་ས་གནས་ཞིག་ཡིན་ཡང་དེ་རིང་བོད་མི་རྣམས་རྒྱ་མིའི་ལས་ཁུངས་དེའི་མདུན་འདུ་འཛོམས་ཀྱིས་ཁག་ཅིག་གིས་རྒྱ་མི་བོད་ནས་འགྲོ་དགོས་པ་དང༌། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་བོད་མི་དམར་གསོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་བྱ་དགོས་ཞེས་པའི་ངོ་རྒོལ་གྱི་སྐད་འབོད་བརྒྱབ་ཡོད་པ་རེད། བལ་པོའི་ཉེན་རྟོག་དཔོན་རིགས་ ར་མེཤ་ཐའ་པ་ ཞུ་བས་བོད་མིའི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་རྒྱ་མིའི་ལས་ཁུངས་ཀྱི་ཉེ་འཁྲིས་སུ་བསྐྱོད་ཐབས་བྱས་པ་དང་བལ་པོའི་གཞུང་གིས་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་ཆོག་པའི་བཀག་འགོག་བྱེད་ཡུལ་དུ་བོད་མི་ཚོས་ལས་འགུལ་སྤེལ་བ་དེ་ཁྲིམས་འགལ་ཡིན་པ་དང༌། འཛིན་བཟུང་བྱས་པའི་བོད་མི་རྣམས་དོ་དམ་ཁང་ཁག་འགའ་ཤས་ནང་བཀག་ཉར་བྱས་ཏེ་ཕལ་ཆེར་དེ་རིང་ཕྱི་དྲོ་ཙམ་ལ་གློད་འགྲོལ་གཏོང་རྒྱུ་ཡིན་ཞེས་དང༌། ས་ཁུལ་དེའི་ཁུལ་དུ་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་སྟེ་ངོ་རྒོལ་ལས་འགུལ་བཀག་འགོག་བྱེད་མཁན་གྱི་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་འགྲེམས་འཇོག་བྱས་ཡོད་པའི་སྐོར་གསུང་ཡོད་པ་རེད།