བལ་ཡུལ་ནང་ཁྲིམས་འགལ་གནས་སྡོད་བོད་མིར་ནན་སྐུལ་བྱས་པ།
2008.09.13
༄༅༎བལ་ཡུལ་ནང་ཁྲིམས་འགལ་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་ལ་ཕྱིར་ལོག་བྱ་དགོས་རྒྱུའི་ནན་སྐུལ་བྱ་རྒྱུ་ཡིན་སྐོར་བལ་ཡུལ་གྱི་གཞུང་འབྲེལ་དཔོན་རིགས་ཤིག་གིས་གསུངས་བཞག
བལ་ཡུལ་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མོརྡ་རཇེ་རྡོ་ཏེལ་གྱིས་ཉེ་ཆར་བལ་ཡུལ་ཉེན་རྟོག་པས་བོད་མི་༡༠༦བཀག་ཉར་བྱས་ནས་བོད་མི་དེ་རྣམས་ལ་སྐྱབས་བཅོལ་བའི་ལག་འཁྱེར་ཡོད་མེད་རྩད་ཞིབ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་སྐོར་དབྱིན་ཇིའི་སྦི་སྦི་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
བལ་ཡུལ་ནང་གཏན་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་ཁྲི་གཉིས་ལྷག་ཙམ་ཡོད་པ་དང༌། ད་ལྟའི་བལ་ཡུལ་གཞུང་དེ་བཞིན་རྒྱ་ནག་དང་ཧ་ཅང་ཉེ་པོ་བྱེད་ཀྱི་ཡོད་པ་མ་ཟད། བལ་ཡུལ་གྱི་སྲིད་བློན་གསར་པ་པར་ཅན་རྡ་ཡིས་ཕྱི་ཟླ་༨པའི་ནང་ལས་གནས་འགན་འཁུར་གནང་བའི་རྗེས་ད་གར་རྒྱ་ནག་ལ་གཞུང་དོན་ལྟ་སྐོར་ལ་ཕེབས་ཡོད་པ་རེད།
བལ་ཡུལ་གཞུང་གི་མགྲིན་ཚབ་པས་ བལ་ཡུལ་ནང་གི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དཔོན་རིགས་ཚོའི་རོགས་རམ་འོག་ དོ་དམ་བཀག་ཉར་བྱས་པའི་བོད་རིགས་ཚོའི་ལག་འཁྱེར་ཡིག་ཆ་ཁག་ལ་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་གསུངས་བཞག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དཔོན་རིགས་ཤིག་གིས་ སྦི་སྦི་སི་གསར་ལས་ཁང་ལ་ འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་དེ་ཚོར་ཁྲིམས་མཐུན་སྐྱབས་བཅོལ་བའི་ལག་འཁྱེར་མེད་ན། ཁོང་ཚོ་རྒྱལ་ཁབ་གསུམ་པ་ཞིག་ལ་གཏང་རྒྱུའི་རོགས་རམ་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག ཉེ་བའི་ཆར་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱ་ནག་གི་བོད་ཐོག་དྲག་གནོན་ཤུགས་ཆེ་བྱེད་ཀྱི་ཡོད་པར་ངོ་རྒོལ་སྐད་འབོད་གནང་བའི་སྐབས་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་རུང༌། བལ་ཡུལ་ཉེན་རྟོག་པས་སྔ་ཐོག་འཛིན་བཟུང་བྱས་པ་རྣམས་དགོང་དྲོ་གློད་བཀྲོལ་བཏང་གི་ཡོད་པ་རེད།
༡༩༩༠གོང་བལ་ཡུལ་ནང་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཚོ་ཁུལ་དེའི་ནང་གནས་སྡོད་ཆོག་གི་ཡོད་ནའང༌། ༡༩༩༠རྗེས་ནས་རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་འབྱོར་བའི་བོད་མི་རྣམས་བལ་ཡུལ་ནང་གནས་སྡོད་བྱེད་དུ་མ་བཅུག་པར་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བརྒྱུད་རྒྱ་གར་ནང་བཏང་གི་ཡོད་པ་རེད༎