བོད་མི་བྲོས་བྱོལ་བ་དྲུག་རྒྱ་ནག་གི་དམག་མིར་རྩིས་སྤྲོད་བྱས་འདུག
2019.09.07

༄༅༎ཕྱི་ཟླ་བ་༩ཚེས་ཚེས་༥རེས་གཟའ་ཕུར་བུའི་ཉིན་བོད་ནང་གི་སྤུ་ཧྲེང་ཕྱོགས་ནས་བལ་ཡུལ་གྱི་ལི་མི་ཞེས་བའི་ས་མཚམས་བརྒལ་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་དྲུག་བལ་ཡུལ་ལི་མི་ཞེས་བའི་ས་ཐོག་དུ་སླེབས་མ་ཐག་བལ་ཡུལ་གྱི་རྒྱལ་མཚམས་མཐའ་སྲུང་དམག་མིས་འཛིན་བཟུང་གིས་ལག་ལྕགས་རྒྱབ་ནས་སེམ་ཀོ་ཀྲུ་ཞེས་བའི་དམག་མིའི་ལས་ཁུངས་སུ་ཁྲིད་ཡོང་བའི་རྗེས་ཉིན་དེའི་ཕྱི་དྲོ་མཚམས་སུ་ཕྱིར་རྒྱ་ནག་གི་དམག་མིའི་ལག་དུ་རྩིས་སྤྲོད་བྱས་ཡོད་འདུག འདིའི་སྐོར་ལ་ས་མཚམས་སུ་གནས་སྡོད་དང་དོན་དག་དངོས་སུ་མཐོང་མཁན་གྱི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་པར་གཞིགས་ན། ཕྱི་ཚེས་༥ཉིན་ལི་མི་ཅོག་ཅེས་པའི་བལ་བོད་ས་མཚམས་བརྒལ་ནས་ཡོང་མཁན་བོད་མི་དྲུག་བལ་ཡུལ་གྱི་རྒྱལ་མཚམས་སྲུང་སྐྱོབ་བྱེད་མཁན་གྱི་དམག་མིས་འཛིན་བཟུང་གིས་སེམ་ཀོ་ཀྲུ་ཞེས་བའི་དམག་མིའི་ལས་ཁུངས་སུ་ཁྲིད་ཡོང་བའི་ལམ་བར་དུ་མི་མང་མང་ཚོགས་ཀྱིས་དངོས་སུ་མཐོང་ཡོད་པ་དང་། སྐབས་དེར་ལག་ལྕགས་རྒྱབ་ནས་ཁྲིད་ཡོང་བའི་མི་དག་གིས་ལག་གཉིས་ཐལ་མོ་སྦྱར་ནས་བལ་ཡུལ་གྱི་དམག་མི་ལ་ཞུ་བ་བྱས་ཏེ་ངུ་འབོད་ཆེན་པོ་བྱེད་ཞོར་དུ་ང་ཚོ་ཕྱིར་རྒྱ་ནག་ལ་རྩིས་མ་སྤྲོད་རོགས་། ང་ཚོ་སྐྱབས་བཅོལ་དུ་འགྲོ་མཁན་ཡིན་ཞེས་ཞུ་བ་ཡང་ཡང་བྱེད་བཞིན་འདུག སྐབས་དེ་དུས་ང་ཚོ་མང་ཚོགས་ཀྱིས་ཀྱང་བལ་ཡུལ་དམག་མི་ལ་ཁོང་ཚོ་གློད་དཀྲོལ་གཏོང་རོགས། ཕྱིར་རྒྱ་ནག་ལ་གཏན་ནས་རྩིས་སྤྲོད་མ་བྱེད་རོགས་ཅེས་ཞུ་བ་བྱས་ཡིན་མོད་གཏན་ནས་ཁ་ཡ་བྱེད་ཀྱིན་མིན་འདུག ང་ཚོའི་འདི་ལྟར་ཕར་ལྟོས་ཚོད་ལ་གདོང་མདོག་དང་གོས་གྱོན་ལུགས་ཚང་མ་བོད་པ་རེད་འདུག་ཅེས་བརྗོད་འདུག། དེར་མ་ཟད་ད་དུང་ས་མཚམས་ཀྱི་ཡུལ་མི་རྣམས་ལ་བལ་ཡུལ་གྱི་དམག་མི་ཚོས་གནས་ཚུལ་དེ་མི་གཞན་སུ་ལ་ཡང་བཤད་མི་ཉན་པ་དང་གལ་ཏེ་བཤད་མཁན་ཡོད་ཚེ་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་ལུགས་བཤད་འདུག མི་དེ་དག་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་ཡིན་པ་བདེན་པ་རེད་མོད་མིང་དང་ས་གནས་གང་གི་ཡིན་མིན་སུས་ཀྱང་ཤེས་མི་འདུག དམག་མིའི་ཁྲིད་ནས་འགྲོ་བཞིན་པའི་སྐབས་སུ་མང་ཚོགས་རྣམས་ཉེ་སར་ཡོང་དུ་བཅུག་མི་འདུག་ཅེས་བརྗོད་འདུག།