རྒྱ་ཡིག་ཐོག་བོད་སྐོར་གྱི་དྲ་རྒྱ་ཞིག་བཀག་སྡོམ།
2011.03.21
༄༅༎མང་ཚོགས་ཁྲོད་དགའ་མོས་ཆེ་བའི་རྒྱ་ཡིག་ཐོག་བོད་པའི་སྐོར་གྱི་དྲ་རྒྱ་TibetCul.comཞེས་པ་དེ་བཞིན་རྒྱ་ནག་གིས་ཉེ་དུས་ཟླ་བ་འདིའི་ཚེས་༡༦ཉིན་ནས་སུས་ཀྱང་ལྟ་ཀློག་བྱེད་མི་ཐུབ་པ་བཟོས་འདུག། གོང་ཞུས་དྲ་རྒྱ་དེ་བཞིན་བོད་མདོ་སྨད་ཁུལ་གྱི་སྤུན་རྒན་གཞོན་གཉིས་དབང་ཕྱུག་ཚེ་བརྟན་ལགས་དང་ཚེ་དབང་ནོར་བུ་ལགས་གཉིས་ཀྱིས་༢༠༠༣ལོར་གསར་བཟོ་གནང་ཡོད་པ་དང༌། རིང་པོར་མ་སོང་བར་TibetCul.comཞེས་པའི་དྲ་རྒྱ་དེ་བཞིན་མི་མང་པོས་ལྟ་ཀློག་དང་བེད་སྤྱོད་བྱེད་བའི་དྲ་རྒྱ་ཞིག་ཏུ་གྱུར་ཡོད།
འགོ་སྟོད་གསར་འགྱུར་དང་དྲ་གནས་ཟིན་ཐོ་བཀོད་སའི་དྲ་ལམ་དེ་བཞིན་རིམ་པས་བོད་ཀྱི་རོལ་དབྱངས་དང་རྩོམ་རིག། གློག་བརྙན་དང་ཡུལ་སྐོར་སྤྲོ་འཆམ་སོགས་དྲ་གནས་རྣམ་གྲངས་མང་དུ་བཏང་ཡོད་པ་དང༌། ལྷག་པར་དུ་ཕྱི་རྒྱལ་གནས་འཁོད་བོད་མི་ཚོའི་ཆེད་དུའང་དྲ་རྒྱའི་སྡེ་ཚན་གསར་པ་ཞིག་བཟོས་ཡོད་པ་མ་ཚད། དྲ་ལམ་བརྒྱུད་དངོས་ཟོག་མངགས་ཉོ་བྱེད་སའི་ཆ་རྐྱེན་ཞིག་ཀྱང་བསྐྲུན་ཡོད་པ་རེད། དྲ་རྒྱ་དེའི་ཆ་ཤས་MyBudala.com ཞེས་པ་དེའང་བོད་མིའི་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་༥༢པ་མ་འཁོར་གོང་གི་ཉིན་འགའ་ཤས་སྔོན་རྒྱ་གཞུང་གིས་བཀག་བསྡོམས་བྱས་ནས་སུས་ཀྱང་ལྟ་ཀློག་མ་ཐུབ་པ་བཟོས་ཡོད་པ་རེད།
དྲ་རྒྱ་དེ་སྒོ་རྒྱབ་པའི་རྗེས་ད་གར་SinaMicroBlogཞེས་པའི་དྲ་རྒྱའི་ཐོག། TibetCul.comབདག་གཉེར་གནང་མཁན་ཚོས་གནས་ཚུལ་ཞིག་བཀོད་ཡོད་པའི་ནང༌། ཕྱི་ཟླ་༣ཚེས་༡༦གི་དགོང་དྲོའི་ཆུ་ཚོད་༦པ་ནས་བཟུང་དྲ་རྒྱ་དེའི་ཐོག་གནས་ཚུལ་བཀོད་འཇོག་བྱེད་མི་ཐུབ་པ་བཟོས་ཡོད་པ་བཞིན། གོང་གི་འཛིན་སྐྱོང་འགོ་ཁྲིད་ཚོས་དྲ་གནས་དེ་སྒོ་རྒྱབ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་ དྲ་རྒྱའི་འབྲེལ་ཡོད་ལས་བྱེད་པ་ཚོས་ཤེས་རྟོགས་བྱུང་ཡོད་པ་དང༌། དེ་ལྟར་བྱེད་དགོས་དོན་ཇི་ཡིན་རྩད་གཅོད་བྱ་སྐབས། འབྲེལ་ཡོད་རྒྱ་མིའི་ལས་བྱེད་པས་རྒྱུ་མཚན་ག་རེ་ཡིན་མིན་ཤེས་ཀྱི་མེད་ལུགས་འགྲེལ་བརྗོད་བྱས་འདུག།