རྒྱ་ནག་དང་གྲོས་མོལ་ག་དུས་གནང་ཡང་གྲ་སྒྲིག་ཡིན།
2011.05.12
༄༅༎གསར་དུ་འདེམས་ཐོན་བྱུང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་ལྷན་དུ་་གྲོས་མོལ་ག་དུས་གནང་ཡང་གྲ་སྒྲིག་ཡིན་ཞེས་གསུངས་པའི་གནས་ཚུལ་ཐོན་འདུག་༎
དེ་རིང་ཚེས་༡༢ཉིན་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བའི་བློ་བཟང་སེང་གེ་ལགས་ཀྱིས་ རིང་མིན་ཁོང་གིས་དབུ་འཁྲིད་པའི་འཛིན་སྐྱོང་བཀའ་ཤག་གསར་པའི་སྲིད་བྱུས་བཟུང་ཕྱོགས་དང་འབྲེལ་བའི་སྐོར་ ཨེ་པི་གསར་ལས་ཁང་གིས་བཅར་འདྲིར་དང་ལེན་གནང་པའི་ནང་ བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཐད་ རྒྱ་ནག་གཞུང་གི་ལྷན་དང་ དུས་ཚོད་དང་ས་ཕྱོགས་གང་དུ་ཡང་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་གནང་འདུག་ བློ་བཟང་སེང་གེ་ལགས་ཀྱིས་ ཁོང་གིས་དབུ་འཁྲིད་པའི་བཙན་བྱོིལ་བོད་གཞུང་ཐོག་ནས་ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ལམ་དབུ་མའི་སྲིད་ཇུས་གཞིར་བཟུང་སྟེ་ བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་གྱི་གནས་བབ་བསྐྲུན་ཐབས་གནང་རྒྱུ་ཡིན་ཞེས་གསལ་འདོན་གནང་བཞག་ ཡང་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་དབུ་འཁྲིད་ཆ་ནས་ གལ་གནད་ཆེ་བའི་ལས་དོན་ནང་ བོད་ནང་རང་དབང་བསྐྲུན་ཐབས་དང་ བོད་མིའི་དབུ་འཁྲིད་གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་ནང་ཕྱིར་ཕེབས་གནང་ཐུབ་རྒྱུར་འབདབ་རྩོན་ཞུ་རྒྱུ་དེ་གཉིས་ཡིན་ཞིང་ གཞུང་གསར་པའི་འགན་འཁུར་རྩིས་ལེན་ཞུས་རྗེས་ སྲིད་ཇུས་དེ་དག་ལག་བསྟར་གནང་གི་ཡིན་ཞེས་གསུངས་གནང་བཞག་ ཨེ་པི་གསར་ལས་ཁང་གིས་བཅར་འདྲི་གཞིར་བཟུང་ གསར་དུ་འདེམས་ཐོན་བྱུང་བའི་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་དང་གྲོས་མོལ་གནང་རྒྱུའི་སྲིད་ཇུས་ཀྱི་དགོངས་གཞི་གསལ་འདོན་གནང་པ་དེར་ རྒྱ་ནག་གཞུང་གིས་ལམ་སེང་ཚུར་སྣང་ལན་འཆར་གང་ཡང་གནང་མིན་འདུག་ བློ་བཟང་སེང་གེ་ལགས་ནས་ རིང་མིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐྱར་བཅོས་དང་འབྲེལ་བའི་བོད་རྒྱལ་ཡོངས་ཚོགས་ཆེན་དུ་མཉམ་བཞུགས་ཆེད་ དེང་རྒྱ་གར་ནང་ཕེབས་བཞུགས་གནང་ཡོད་པ་དང་ ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་དུས་ཚོད་ངེས་མེད་བར་གྱི་ཟས་བཅད་ངོ་རྒོལ་གནང་མཉམ་བཞུགས་གནང་པའི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་ཚོ་དང་མཇལ་འཕྲད་ལ་ཕེབས་ཡོད་པ་རེད་༎