བོད་ཁམས་ཉག་རོང་དུ་ངོ་རྒོལ་བྱས་པའི་བརྙན་པར།
2011.06.09
༄༅༎དེ་ཡང་ཕ་ཡུལ་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ལྔ་པའི་ཚེས་བརྒྱད་ཉིན་བོད་ཀྱི་ཁམས་ཉག་རོང་ཁུལ་དགེ་འདུན་པ་བཞིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་བརྙན་པར་སྐར་མ་གསུམ་ཙམ་ཡོད་པ་ཞིག་བཞུགས་སྒར་རྡ་རམ་ས་ལ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་འགྲེམས་སྤེལ་གནང་ཡོད་འདུག
བརྙན་པར་དེའི་ནང་། དགེ་འདུན་པ་ཨ་ཕོ་བཀྲིས་ཞེས་པ་རང་ལོ་ཉི་ཤུ་རྩ་གཉིས་ཡིན་པ་དང་། ཚེ་རིང་རྒྱལ་མཚན་རང་ལོ་བཅུ་དགུ ཚེ་རིང་དབང་ཕྱུག་རང་ལོ་ཉི་ཤུ་རྩ་གཉིས་བཅས་གསུམ་གུ་རུ་དགོན་པ་ནས་ཡིན་པ་དང་། རིག་འཛིན་རྡོ་རྗེ་ཞེས་པ་བྱམས་ཇོར་དགོན་པ་ནས་ཡིན་པ་བཅས་བཞི་པོས་ནག་ཆུ་ཟམ་པའི་སྟེང་ནས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ཀི་ཤར་རྒྱབ་པ་དང་ཆབས་ཅིག་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག བོད་རང་བཙན་ཡིན། ང་ཚོས་༧གོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་བཅུག་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཟེར་བ་སོགས་ཀྱི་འབོད་ཚིག་བསྒྲོགས་ནས་ངོ་རྒོལ་བྱས་ཡོད་པ་དེ་མ་ཐག་ས་གནས་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་དང་། ཁོང་ཚོར་བརྙན་པར་རྒྱབ་མཁན་དགེ་འདུན་པ་དེ་ཡང་བྷག་བྷག་འཕྲོག་བརླག་ཕྱིན་ནས་བྲོས་ཐུབ་མེད་སྟབས་ཁོ་པ་ཡང་འཛིན་བཟུང་དོ་དམ་བྱས་ཡོད་འདུག ད་ལྟའི་ཆར་འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་གར་སོང་ཆ་མེད་ཀྱི་གནས་ཚུལ་གསལ་པོ་སུས་ཀྱང་ཤེས་རྟོག་བྱུང་མེད་ལུགས་བཀོད་འདུག།