དགེ་འདུན་པ་དགུ་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་པའི་དགེ་འདུན་པ་དགུས་ན་ནིང་བསམ་ཡས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་ཉེས་དམིགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2009.02.10

༄༅༎རྒྱ་ནག་གཞུང་གིས་བོད་པའི་དགེ་འདུན་པ་དགུས་སྔ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་བསམ་ཡས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་ཉེས་དམིགས་འོག་ལོ་གཉིས་ནས་བཅོ་ལྔ་བར་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་གྲྭ་པ་གཅིག་གིས་རང་སྲོག་རང་གིས་བཅད་པའི་ཡིད་སྐྱོའི་གནས་ཚུལ་འདུག

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་ས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་སྔ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་བོད་ལྷོ་ཁའི་གྲ་ནང་རྫོང་གི་བསམ་ཡས་དགོན་པའི་དགེ་འདུན་པ་དབུས་པའི་བོད་མི་བརྒྱ་ཕྲག་མང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་མགྱོགས་མྱུར་ཕྱིར་ཆིབས་བསྒྱུར་བསྐྱར་དགོས་པ་དང་བོད་མི་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ངོ་རྒོལ་རྔམ་སྟོན་ཁྱུག་ཙམ་རིང་གནང་སྐབས་ས་གནས་རྒྱ་མིའི་ཉེན་རྟོག་པས་དགེ་འདུན་པ་དགུ་འཛིན་བཟུང་བཀག་ཉར་བྱས་པ་དང་དེ་ནས་བཟུང་ཕྱི་ཟླ་བཅུ་གཅིག་པའི་ནང་བསམ་ཡས་སྒོ་རྒྱབ་སྟེ་ལས་དོན་རུ་ཁག་ཟེར་བས་དམ་བསྒྲགས་ཤུགས་ཆེ་དང་དགོན་པའི་ནང་འདྲི་རྩད་ཚ་ནན་བྱས་པ་མ་ཟད་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་རྡོ་རྗེ་གྲགས་ནས་བསམ་ཡས་ལ་ནང་ཆོས་སློབ་གཉེར་ཆེད་ཕེབས་པའི་གྲྭ་རྣམ་སྒྲོལ་མཁའ་ཁྱབ་ཀྱིས་རང་སྲོག་རང་གིས་བཅད་པ་དང་ཁོང་གིས་ཡིག་ཆུང་ཞིག་བཞག་པའི་ནང་རྒྱ་མིའི་གདུག་རྩུབ་ཆེ་བའི་བཙན་དབང་ལ་བཟོད་སྒོམ་མ་ཐུབ་པ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་བསྟོན་གནང་བའི་འགན་ཚང་མ་ཁོང་ལ་ཡོད་པ་དང་དགེ་འདུན་པ་གཞན་རྣམས་ལ་ནག་ཉེས་རྩ་བ་ནས་མེད་སྐོར་འཁོད་ཡོད་པ་རེད། ལྷོ་ཁའི་འབྲིང་རིམ་མི་མང་ཁྲིམས་ཁང་ཞེས་པས་བཙོན་འཇུག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་རྣམས་ནི་མཚོ་སྣ་ནས་ཡིན་པའི་རྒྱལ་མཚན་ལགས་དང་དགོན་དཀར་རྫོང་ནས་ཡིན་པའི་ཉི་མ་བཀྲིས་ལགས།ཉིང་ཁྲི་ནས་ཡིན་པའི་ཕུན་ཚོགས་ལགས།མཚོ་མེ་རྫོང་ནས་ཡིན་པའི་བསྟན་འཛིན་ཟླ་བ་ལགས།གྲ་ནང་རྫོང་ནས་ཡིན་པ་རིག་ལྡན་ལགས་བཅས་དང་ཡང་བསམ་ཡས་དགོན་དུ་ནང་ཆོས་སློབ་གཉེར་ཆེད་ཕེབས་པའི་དགེ་འདུན་པ་རྣམས་ནི་ཕན་པོ་ནས་ཡིན་པའི་གྲ་བསྟན་འཛིན་བུ་ཆུང་ལགས་དང་མཚོ་མེ་རྫོང་ནས་ཡིན་པ་བསྟན་འཛིན་བཟོད་པ་ལགས།ལྷོ་བྲག་ནས་ཡིན་པའི་གྲ་དགེ་ལེགས་ལགས།གནའ་སྒར་རྩེ་ནས་ཡིན་པིའ་གྲ་ངག་དབང་བསྟན་འཛིན་ལགས་བཅས་ཡིན་འདུག ད་ཆ་གོང་ཞུས་དགེ་འདུན་པ་རྣམས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་ཁོང་རྣམ་པའི་སྐུ་གཟུགས་གནས་སྟངས་ཇི་འདྲ་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎