རྔ་པ་ཁུལ་གྱི་བོད་མིར་དམག་དཔུང་གིས་ཉེས་རྡུང་བཏང་ཡོད་མིན།

རྒྱ་མིའི་དམག་དཔུང་གིས་རྔ་པ་ས་གནས་ཀྱི་བོད་མིའི་ཐོག་ཉེས་རྡུང་བཏང་བའི་གནས་ཚུལ་དེའི་སྐོར་རྔ་པ་ཁུལ་གྱི་འགོ་ཁྲིད་ཀྱིས་ལན་འདེབས།

2011.05.01

༄༅༎རེས་གཟའ་པ་སངས་ཉིན་བོད་ཀྱི་རྔ་པ་ས་ཁུལ་གྱི་འགོ་ཁྲིད་ལྦང་ཅུན་གྱིས། རྔ་པ་ཁུལ་དུ་ཉེན་རྟོག་པ་དང་མི་དམངས་དབར་ལ་དྲག་པོའི་གདོང་ཐུག་བྱུང་མེད་པ་མ་ཟད། མི་ཤི་རྨས་ཀྱི་གནས་ཚུལ་ཡང་བྱུང་མེད་པ་བཤད་དེ། ཉེ་ཆར་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་མིའི་དམག་དཔུང་གིས་རྔ་པ་ས་གནས་ཀྱི་བོད་མིའི་ཐོག་ཉེས་རྡུང་བཏང་བའི་འོག་བོད་མི་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བཀོད་སྤེལ་བྱས་པ་དེར་ལན་འདེབས་བྱས་ཡོད་པ་རེད།

དེ་ཡང་ཉེ་ཆར་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། བོད་ཀྱི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད། དགེ་འདུན་པ་རྣམས་བཙན་འཁྲིད་བྱེད་པའི་སྐབས། ས་གནས་བོད་མི་ཚོས་དམག་མིའི་མདུན་བཀག་སྟེ་དགེ་འདུན་པ་རྣམས་སྲུང་སྐྱོབ་བྱེད་ཐབས་བྱས་ཀྱང༌། དྲག་ཆས་ཉེན་རྟོག་པས་བོད་མི་དེ་དག་ཐོག་ཉེས་རྡུང་ཚབས་ཆེ་བཏང་སྟེ། མང་པོ་ཞིག་གི་རྐང་ལག་བཅག་པ་མ་ཟད། དེའི་ནང་ནས་ལོ་ན་༦༠ དང་༦༥ ཡིན་རྒན་རྒོན་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་བའི་ནང༌། རྒྱ་མིའི་དྲག་ཆས་ཉེན་རྟོག་པས་རྔ་པ་ས་གནས་ཀྱི་བོད་མི་ཉེས་རྡུང་བཏང་བར་བརྟེན་ནས་བོད་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དེ་ཁོ་ན་མ་ཡིན་པར། ལོ་ན་༨༦ ཡིན་རྒན་མོ་ཞིག་ཀྱང་ཉེས་རྡུང་འོག་གློ་བར་གནོད་འཚེས་བཟོས་ཏེ་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། འོན་ཀྱང་རྔ་པ་ས་གནས་འགོ་ཁྲིད་ལྦང་ཅུན་ཡིས། ས་གནས་ཉེན་རྟོག་ལས་ཁང་གིས་གནས་ཚུལ་ནང་ཉེན་རྟོག་པ་དང་མི་དམངས་དབར་དྲག་པོའི་གདོང་ཐུག་བྱུང་མེད་པ་དང་དེ་བས་མི་ཤི་རྨས་བྱུང་མེད་པའི་ར་སྤྲོད་བྱེད་ཀྱི་ཡོད་པ་བཤད་ཡོད་པ་རེད། ད་དུང་ཀིརྟི་དགོན་པའི་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་བླ་མ་མདོ་ཁར་ཞུ་བས། ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་རྩ་བ་ནས་དྲག་གནོན་བྱས་མེད་པ་དང༌། དགེ་འདུན་པ་རྣམས་དུས་རྒྱུན་བཞིན། ཆོས་བསླབ་པ་སློབ་གཉེར་དང་ཚོགས་ཚོགས་བཞིན་ཡོད་པ་དང་ཆབས་ཅིག་ཁོང་ཚོས་རྒྱ་ནག་གི་ཁྲིམས་ལུགས་དང་སྒྲིག་གཞི། ལྟ་གྲུབ་སོགས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་ཅེས་བཤད་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་རིག་འཛིན་ཕུན་ཚོགས་ལགས་ཀྱིས་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་ཏེ་མི་ལོ་གསུམ་འཁོར་བའི་དུས་ཚེགས་ལ་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ཐོག་སྔར་བས་དམ་དྲག་ཆེ་རུ་བཏང་མ་ཟད། བཙན་དབང་གིས་དགེ་འདུན་པ་རྣམས་ལ་རྒྱ་ནག་གི་རྩ་ཁྲིམས་ཀྱི་རྨང་གཞི་ཁག་དང༌། ཉེས་བསག་གི་ཁྲིམས་ལུགས། སྒྲིག་སྲོལ་སོགས་སློབ་སྦྱོང་བྱེད་དུ་བཅུག་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎