རྒྱ་ནག་དང་ཕེ་རན་སི་སྲིད་འཛིན་གཉིས་ཟུར་དུ་མཇལ་འཆར་མེད།
2009.03.23
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རིང་མིན་འཛམ་གླིང་གི་འབྱོར་ལྡན་ཡུལ་གྲུ་ཉི་ཤུ་ཡི་ལྷན་ཚོགས་དེར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་དང་ཟུར་མཇལ་གནང་རྒྱུའི་འཆར་གཞི་མེད་སྐོར་རྒྱ་གཞུང་གིས་བརྗོད་ཡོད་པ་རེད།
རྒྱ་གཞུང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཧོ་ཡ་ཕེ་ཡིས་གོང་ཞུས་ལྷན་ཚོགས་དེ་དང་འབྲེལ་བའི་སྐོར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ང་ཚོའི་རེ་བར་ཕེ་རན་སི་ངོས་ནས་དངོས་གསལ་དོད་ལ་དོན་དངོས་དང་བརྩོན་པ་ཆེན་པོའི་ཐོག་རྒྱ་ནག་གི་བློ་གཡེང་ཁག་ལ་ལན་འདེབས་དང་ཡུལ་གཉིས་བར་གྱི་འབྲེལ་བ་དེ་ལམ་ཕྱོགས་མ་ནོར་བར་བསྐྱོད་པ་བྱེད་རྒྱུའི་ཐོག་དོན་དམ་གྱི་ཕྱག་ལས་གནང་བའི་རེ་བ་ཡོད་ཅེས་བརྗོད་འདུག
ཁོང་གིས་གོང་ཞུས་གསར་འགོད་ལྷན་ཚོགས་དེར་འཛམ་གླིང་གི་དཔལ་འབྱོར་ཆེ་བའི་ཡུལ་ཁག་གི་དབུ་འཁྲིད་རྣམས་ཀྱི་ལྷན་ཚོགས་དེའི་སྐབས་སྲིད་འཛིན་ཧུའུ་ཅིན་ཐའོ་འཛམ་གླིང་གི་དབུ་འཁྲིད་ཁག་ཅིག་དང་ལྷན་དུ་ཟུར་མཇལ་གནང་རྒྱུའི་མཚན་སྨོས་ཀྱང་དེའི་ནང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་མཆོག་ཚུད་མེད་པ་རེད། སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་དེར་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོ་བྱས་ནས་ཕེ་རན་སི་དང་འབྲེལ་བ་དེ་ཇི་སྡུག་ཏུ་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་ཡུལ་གཉིས་བར་གྱི་འབྲེལ་བ་དེ་སླར་གསོ་གནང་རྒྱུའི་ལན་པོ་དེ་ཕེ་རན་སིར་ཡོད་པའི་ཁག་དཀྲི་བྱས་ཀྱང་ཕེ་རན་སི་ངོས་ནས་ལས་དོན་ཇི་སྤེལ་དགོས་མིན་ཁ་གསལ་གང་ཡང་མེད་པ་རེད། དེ་མ་ཟད་རྒྱ་གཞུང་གིས་རང་ནོས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་དབུ་འཁྲིད་ཁག་དང་མཇལ་འཕྲད་གནང་ན་དེས་རང་ཉིད་ཀྱིས་བོད་ནང་བསམ་བརྗོད་ལས་འདས་པའི་བྱ་ངན་རྒྱུན་མ་ཆད་པ་སྤེལ་བ་དེ་མངོན་གསལ་ཆགས་པའི་ཞེད་སྣང་བྱེད་ཀྱི་ཡོད་པ་རེད༎