བོད་དུ་ཡུལ་བསྐོར་སྤྲོ་འཆམ་པའི་གྲངས་འབོར་མར་ཆག་འདུག
2008.10.06
༄༅༎རྒྱ་ནག་གི་བདུན་གཅིག་རིང་གུང་སེང་གི་དུས་སྐབས་དེར་ཡུལ་དེའི་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་ཡུལ་གྱི་ས་གནས་ཁག་ནང་དེ་སྔ་བྱུང་མྱོང་མེད་པའི་ཡུལ་བསྐོར་སྤྲོ་འཆམ་པ་ཕེབས་མཁན་བྱུང་ཡོད་ཀྱང་བོད་ནང་བསྐྱོད་མཁན་གྱི་གྲངས་འབོར་དེ་བརྒྱ་ཆ་སུམ་ཅུ་སོ་དྲུག་མར་ཆག་ཡོད་པ་རེད་
རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་ཚན་པ་ཁག་གི་ལས་བྱེད་པ་རྣམས་ཀྱིས་བོད་ནང་ཡུལ་བསྐོར་སྤྲོ་ཆམ་དུ་ཕེབས་མཁན་གྱི་གྲངས་འབོར་དེ་མར་ཆག་པའི་རྒྱུ་མཚན་ནི་འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་རྒྱ་ཁྱབ་ཏུ་ཞི་བའི་རྒོལ་ལངས་ནས་བྱུང་བ་ནས་ཡིན་སྐོར་བཤད་ཡོད་པ་རེད་
བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་གཞུང་གི་དཔོན་རིགས་ཤིག་གིས་འདི་ལོའི་རྒྱལ་ཡོངས་གུང་སེང་སྐབས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཕེབས་མཁན་དེ་ན་ནིང་ལོ་ལས་ཆེས་ཉུང་བ་དང་ཡུལ་བསྐོར་སྤྲོ་འཆམ་ཐོག་ཡོང་སྒོ་ཡང་ཧ་ཅང་གི་ཉུང་དུ་ཕྱིན་པ་དེ་ནི་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ནས་འགོ་འཛུགས་བྱུང་བའི་ཟིང་ལངས་ནས་བྱུང་བ་ཞིག་ཡིན་པ་རེད་ཅེས་བརྗོད་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་རྒྱ་ཁྱབ་ཏུ་ཞི་བའི་རྒོལ་ལངས་ཤུགས་ཆེ་བྱུང་བ་དེ་རྒྱ་གཞུང་གིས་ཏཱ་ལའི་ཤོག་ཁག་གིས་ངན་བྱུས་གཏིང་བ་ཞིག་ཡིན་པར་སྐྱོན་བརྗོད་བྱས་པ་དེར་༸གོང་ས་མཆོག་ནས་ངོས་ལེན་གནང་མེད་པ་རེད་ རྒྱ་གཞུང་གིས་བོད་ནང་གི་ཞི་བའི་རྒོལ་ལངས་དེར་དྲག་གནོན་ཤུགས་ཆེ་བྱས་པ་དེར་རྒྱལ་སྤྱིའི་ཐོག་སྐྱོན་བརྗོད་ཤུགས་ཆེ་ཕོག་པ་དང་སྐབས་དེའི་རྒྱལ་སྤྱིའི་པེ་ཅིང་ཨོ་ལིམ་པིག་དཔལ་འབར་བསྐོར་བསྐྱོད་ཀྱི་ལས་དོན་དེར་ཡང་ངོ་རྒོལ་གནང་མཁན་ཤུགས་ཆེ་བྱུང་ཡོད་པ་རེད་