སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་སྐུ་གྲོངས་རྐྱེན་ཐད་ཞིབ་འཇུག་དགོས།
2018.03.28
ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨའོསི་ཊེ་རི་ལི་ཡའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་འདུག
ཕྱི་ལོ་ ༢༠༡༥ ཟླ་བ་ ༧ ཚེས་ ༡༢ ཉིན་རྒྱ་མིའི་བཙོན་ཁང་ནང་སྐུ་གཤེགས་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་འཛམ་གླིང་ས་ཕྱོགས་མང་པོའི་ནང་བོད་ནང་གི་གནས་སྟངས་ཞུ་ཏུག་སྤྱི་དང་ལྷག་པར་དུ་ཁོང་གི་ཞང་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་རྒྱ་ནག་གཞུང་གིས་དྲག་གནོན་ཇི་བྱས་དང་མཐར་བཙོན་ཁང་ནང་འདས་གྲོངས་སུ་ཕེབས་པའི་གནས་ལུགས་སྐོར་གསལ་བཤད་གནང་རྒྱུར་ཕེབས་བསྐྱོད་གནང་བཞིན་པ་ནས། དེང་སྐབས་ཨའོསི་ཊེ་རི་ལི་ཡའི་ནང་ཆེད་ཕེབས་ཀྱིས་ཡུལ་དེའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་ཐོག་གཏམ་བཤད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། ཨོ་སི་ཊེ་རི་ལི་ཡའི་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Kevin Andrews)མཆོག་དབུ་བཞུགས་ཐོག་གི་ཉན་ཞིབ་ཚོགས་འདུ་དེའི་ཐོག། ཉི་མ་ལྷ་མོ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཐོག་མར་རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བཀག་ཉར་བྱས་པའི་བརྒྱུད་རིམ་དང་། མཐར་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་དོགས་གཞི་ཧ་ཅང་ཆེ་བའི་གནས་སྟངས་འོག་སྐུ་གྲོངས་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་དང་སྦྲགས། ཨོསི་ཊེ་རི་ལི་ཡའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་ནས་རིན་པོ་ཆེ་དམ་པ་ཁོང་སྐུ་འདས་གྲོངས་སུ་གྱུར་བའི་གནད་དོན་ཐད་ཞིབ་འཇུག་ཆེད་ངེས་པར་དུ་རྒྱ་ནག་གཞུང་ལ་རེ་འདུན་འདོན་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག་ལ། དེ་བཞིན་ཁོང་གིས་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་དགོས་དོན་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཟུང་བའི་སྲིད་ཇུས་ལ་འ་ཆད་འུ་ཐུག་གི་རྣམ་འགྱུར་བཏོན་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
ཉན་ཞིབ་ཚོགས་གཙོ་སྐུ་ཞབས་(Kevin Andrews)མཆོག་དང་། དེ་བཞིན་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མེ་རི་ལིན་སྭན་སོན་ (Meryln Swanson)མཆོག་གིས་ཉི་མ་ལྷ་མོ་ལགས་དང་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་གནང་པ་དང་སྦྲགས། ཁོ་མོས་རང་གི་མི་རིགས་ཀྱི་དོན་དུ་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་རྒྱ་ཆེ་གནང་ཡོད་འདུག
ཉི་མ་ལྷ་མོ་ལགས་དེང་སྐབས་ཨའོསི་ཊེ་རི་ལི་ཡའི་གྲོང་ཁྱེར་འདྲ་མིན་ནང་ཉིན་གྲངས་བཅུ་རིང་བོད་དོན་རྒྱབ་སྐྱོར་སླད་ལས་འགུལ་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།