རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ངོ་རྒོལ་གྱི་ལས་འགུལ།
2011.01.19
༄༅༎རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་གཞུང་དོན་ཕྱོགས་སྐྱོད་ལ་འབྱོར་བའི་སྐབས་འདིར་ བོད་པ་དང་རྒྱ་མི་རིགས་དམངས་གཙོ་དོན་གཉེར་བ། ཤར་ཏུར་ཀིསི་ཐན་གྱི་ ཡུ་གུར་མི་རིགས་བཅས་ཚང་མས་ ཨ་རིའི་སྲིད་འཛིན་ ཨོ་བ་མ་མཆོག་ལ་།རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ། དེ་བཞིན་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དང་ཆོས་ཕྱོགས་ཐོག་དྲག་གནོན་ཚབས་ཆེ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་དགོས་རྒྱུའི་རེ་སྐུལ་ཤུགས་ཆེ་ཞུས་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ ཧུ་ཅིང་ཏའོ་འདི་ག་ཨ་རིའི་ནང་ཉིན་གྲངས་བཞིའི་རིང་གཞུང་འབྲེལ་ལྟ་སྐོར་ལ་འབྱོར་ཡོད་པ་དང༌དུས་མཚུངས་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཁ་ས་ཨ་རིའི་གྲོང་ཁྱེར་ ནིའུ་ཡོརཀ་དང་ནིའུ་ཇར་སི་ནས་ཕེབས་པའི་བོད་མི་དང་ས་གནས་བོད་མི་། གཞོན་ནུ་ བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་སྔ་ཐོག་རྒྱ་མིའི་གཞུང་ཚབ་མདུན་ནས་ངོ་རྒོལ་སྐད་འབོད་འགོ་འཛུགས་ཀྱིས་དེ་ནས་རིམ་བཞིན་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་མདུན་བར་གོམ་བགྲོས་གནང་སྟེ། ཁ་ས་ཉིན་གང་ངོ་རྒོལ་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གྲྲོས་ཚོགས་འཐུས་མི་ཀི་རི་སི་སི་མིཐ་ཡིས་ ཨོ་བ་མ་ལྟ་བུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་གིས་ ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་སའི་ཕྱག་སྦྲེལ་ལིའུ་ཤའོ་ཕུའུ་བཙོན་འཇུག་བྱེད་མཁན་གྱི་ཆབ་སྲིད་འགོ་ཁྲིད་དང་ཐུག་འཕྲད་གནང་ཡག་དེ་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཕེ་རེང་ལྦུཕ་ཡིས་སྲིད་འཛིན་ཨོ་བ་མ་མཆོག་ལ་རྒྱ་ནག་གི་སྲིད་འཛིན་ཧུ་དང་མཇལ་འཕྲད་སྐབས་ནང་མོལ་བཀའ་བསྡུར་གནང་བ་ཙམ་མ་ཡིན་པར། རྒྱ་ནག་གཞུང་གིས་གྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་ཀྱི་ཡོད་པར་ཐུགས་འཚབ་ཡོད་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་རྒྱུའི་འབོད་སྐུལ་ཞུས་གནང་འདུག།