རྒྱ་ནག་ནི་ཨ་མེ་རི་ཀའི་དགྲ་ཡ་ཞིག་མིན་སྐོར་གསུངས་འདུག
2009.11.16
༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱ་ནག་ནི་ཨ་རིའི་དགྲ་ཡ་མིན་པར་ཚོང་འབྲེལ་གྱི་འབྲེལ་ལམ་བྱ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་སློབ་ཕྲུག་འདུ་འཛོམས་ཤིག་སར་འགྲེལ་བརྗོད་གནང་འདུག
ཨ་མེ་རི་ཀས་རྒྱ་ནག་བཀག་སྐྱིལ་བྱེད་རྩིས་མེད་ཅེས་དང་དེ་ལས་ལྡོག་སྟེ་རྒྱ་ནག་སྟོབས་ཤུགས་དང་ཡར་རྒྱས་གོང་འཕེལ་ཇི་ཙམ་ཕྱིན་པ་དེ་ཙམ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པ་འགྲུབ་ཐུབ་ཅེས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་གསུངས་གནང་འདུག
ཨ་རིའི་སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་སོགས་སྐོར་གླེང་སློང་གནང་འདུག གྲོང་ཁྱེར་ཧྲང་ཧེ་ཡི་ཚན་རིག་དང་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་ཨ་རིའི་སྲིད་འཛིན་གྱིས་ཁྱོན་དྲི་བ་བརྒྱད་ཙམ་ལ་ལན་འདེབས་གནང་འདུག གོང་ཞུས་དྲི་བ་དྲིས་ལན་གྱི་འདུ་འཛོམས་འདི་རྒྱ་ནག་གཞུང་གི་གཞུང་འབྲེལ་གསར་ལས་ཁང་གིས་ཐད་ཀར་རྒྱང་སྲིང་བྱ་རྒྱུ་ཡིན་ལུགས་བཤད་ཡོད་ཀྱང་དངོས་སུ་བརྙན་འཕྲིན་ཐད་ཀར་རྒྱང་སྲིང་བྱས་མེད་སྟབས་རྒྱ་ནག་མི་མང་ལ་གནས་ཚུལ་ཆ་ཚང་བ་མཐོང་ཆོས་སུ་གྱུར་མེད་པ་རེད། ལྷག་པར་དུ་དྲི་བ་དེ་དག་སློབ་ཕྲུག་ནས་བཅོས་མིན་བྱུང་བའི་རྣམ་འགྱུར་ཙམ་ལས་དོན་དངོས་སོམ་ཉིའི་རང་བཞིན་ཅན་དུ་གྱུར་ལུགས་གསར་འགོད་རིགས་ཤིག་གིས་འགྲེལ་བརྗོད་གནང་འདུག གང་ལྟར་ཨ་རིའི་ལོ་འཁོར་དངུལ་རྩིས་གཏོང་ཡོང་ཁ་མ་འདུམ་པའི་བར་ཁྱད་ཨ་རིའི་ཌོ་ལར་ཕྲག་ཁྲིག་ཆེ་མོ་གཅིག་དང་ཚེག་བཞི་ཅུ་ཞེ་གཉིས་ཙམ་བྱེད་ཀྱི་ཡོད་པ་དང་ཨ་རིའི་ནོར་སྲིད་ལྷན་ཁང་གི་ནག་ཡིག་ཕོན་ཆེ་ཕྱིར་གཙོང་བྱས་པ་ནས་ཕོན་ཆེ་ཤོས་རྒྱ་ནག་གིས་ཉོ་སྒྲུབ་བྱས་ཡོད་སྟབས་རྒྱ་ནག་ནི་ཨ་རིར་བུན་གཏོང་བྱེད་པོ་གཙོ་བོར་གྱུར་ཡོད་ཅིང་རྒྱ་ནག་གི་དངུལ་གྱི་འཛའ་ཐང་གཞུང་གིས་བཅོས་སྒྲིག་བྱེད་པ་སོགས་ཀྱི་དཀའ་རྙོག་ཡོད་ཀྱང་ཨ་རིའི་སྲིད་འཛིན་གྱིས་བསྟུན་མཁས་བྱ་རྒྱུའི་དགོངས་གཞི་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་དངུལ་ཡུའན་གྱི་འཛའ་ཐང་དངོས་ཡོད་ནས་བརྒྱ་ཆ་བཞི་བཅུ་ཙམ་བཅོག་འཁྲི་བྱས་ཡོད་པར་ཉམས་ཞིབ་པས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཨ་རིའི་ཌོ་ལར་འཛའ་ཐང་ཕྲན་བུ་དམའ་རུ་ཕྱིན་ན་ཨ་རིའི་ཚོང་པ་ཚོར་དངོས་ཟོག་ཕྱིར་བཙོང་བྱ་རྒྱུར་ཁེ་ཕན་ཡོད་པ་རེད། ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐད་ཨ་རིའི་སྲིད་འཛིན་གྱིས་ཞེ་འཁོན་མེད་པར་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་སོགས་མཇལ་འཕྲད་སྐབས་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་ཡོད་ལུགས་ཨ་རིའི་སྲིད་འཛིན་མགྲིན་ཚབ་པས་གསར་འགོད་པར་གསུངས་གནང་ཡོད་པ་རེད།