ཨ་རིའི་སྲིད་འཛིན་གྱིས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ལ་འཚམས་འདྲི།
2009.11.12
༄༅༎རོའུ་ཀྲར་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དེ་རིང་རེས་གཟའ་ཕུར་བུའི་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཅིག་ལ་འཚམས་འདྲི་གནང་གི་ཡོད་པའི་ཁོངས་སུ་ཐོག་མར་ཉི་ཧོང་ལ་ཕེབས་རྒྱུ་དང་དེ་ནས་སིང་ག་པུར་དུ་ཨེ་ཤེ་ཡའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་འདུ་ཞིག་ཏུ་ཕེབས་ཀྱི་ཡོད་པ་ནི་ཨ་རིའི་སྲིད་འཛིན་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་རྒྱལ་ཁབ་ཀྱི་ཚོགས་འདུའི་ཐོག་ཕེབས་པ་ད་རེས་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་འདུག དེ་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧའེ་དང་པེ་ཅིང་ལ་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ལྷན་དུ་དགོང་དྲོའི་གསོལ་སྟོན་ཞིག་གནང་རྒྱུ་ཡིན་འདུག མཐའ་མའི་གཟིགས་བསྐོར་དེ་བཞིན་ལྷོ་ཀོ་རི་ཡའི་ནང་ཡིན་པ་རེད།
ཡང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་ཤར་ཨེ་ཤེ་ཡའི་ལས་དོན་ཚན་པའི་འབྲེལ་ཡོད་སྐུ་ཞབས་ཇེཕ་རི་སྦེ་དྲར་ནས་འདས་པའི་ལོ་བཅུ་ཕྲག་གཅིག་ཙམ་ནས་བཟུང་ཨ་རིའི་གནོན་ཤུགས་ལས་རྒྱ་ནག་གི་གནོན་ཤུགས་ཆེ་བ་ཡོད་པའི་བསམ་ཚུལ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ད་རེས་སྲིད་འཛིན་གྱི་འཚམས་གཟིགས་འདི་བརྒྱུད་ནས་ཨ་རིའི་ངོས་ནས་ཀྱང་ཨེ་ཤེ་ཡའི་གླིང་ཕྲན་རྒྱལ་ཁབ་ཚོ་དང་འབྲེལ་བ་དམ་ཟབ་དང་གལ་འགངས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་གོ་རྟོག་སྤེལ་ཐུབ་པའི་ཐབས་ཤེས་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་འདུག